Tuesday, January 18, 2011

ཆ་ཚང་ཀློག་ན་འདི་གནོན།


སྐབས་འཚོལ་བ་དག་ལ་གོ་སྐབས་ནམ་ཡང་སྟེར་མི་ཉན།

འཛམ་གླིང་ཟླུམ་པོ་འདིའི་སྟེང་མང་གཙོ་དར་ནས་ལོ་ངོ་དུ་མ་སོང་བའི་རྒྱུད་རིམ་ཁྲོད་འོས་འདེམས་ནི་མི་མང་ལ་དབང་བའི་ཐོབ་ཐང་ཆེ་ཤོས་དེ་ཡིན་ལ་འགན་ཁྲི་ཡང་དེའི་ཚོད་ཀྱི་ཡོད་པ་ནི་སྟོས་གྲུབ་ཀྱི་རང་བཞིན་རེད།   དུས་རབས་ཉེར་ཅིག་པ་འདིར་ཡར་ཐོན་ཅན་གྱི་ཡང་དག་པའི་མང་གཙོའི་རྒྱལ་ཁབ་གང་དེའི་ཆབ་འབངས་སུས་ཀྱང་ལུགས་ཐུན་མིན་པའི་རང་གི་ཁེ་དབང་ཆེད་གཞན་གྱི་རང་དབང་འཕྲོག་མི་ཆོག་ལ་རང་ལ་ཐོབ་དགོས་པ་དང་ཐོབ་འོས་པའི་རང་དབང་དང་ཐོབ་ཐང་ཡང་གཞན་སུས་ཀྱང་འགོག་མི་ཆོག་ཅེས་ལྕེ་ནར་ནར་བྱས་ནས་བཤད་ཆོག་པའི་ཡང་དག་པའི་མང་གཙོ་འདི་ནི་གནམ་ནས་ལྷུང་འོང་བ་ཞིག་མིན་ལ་ས་ལས་སྐྱེས་ཡོང་བ་ཞིག་ཀྱང་དེ་བས་མིན། 
དེས་ན་འདི་འདྲ་བའི་ཡང་དག་པའི་མང་གཙོ་ནི་སྤྱི་སེམས་སྙིང་ལ་བཅང་ཞིང་སྒེར་སེམས་ཡལ་བ་དོར་བའི་སྐྱེ་བོ་འབུམ་ཕྲག་དུ་མའི་རྔུལ་ཁྲག་དང་ཚེ་སྲོག་གིས་བསྐྲུན་པ་ཞིག་ཡིན་པ་ནི་   མང་གཙོ་ལ་དགའ་བའི་སྐྱེ་བོ་རྣམས་ཀྱིས་མཁྱེན་དགོས་པའི་གནས་ཞིག་ཡིན་ཏེ།      མང་གཙོ་འདི་ཉིད་རིན་ཐང་ཅན་ཞིག་དང་དངོས་ཡོད་དང་མཐུན་པའི་ཐོག  མི་རིགས་སྣ་མང་དང་ཆོས་ལུགས་སྣ་མང་རིག་གཞུང་སྣ་མང་འདུས་པའི་སྤྱི་ཚོགས་ཞིག་ཞི་བདེ་དང་ལྷིང་འཇག་ངང་ཐུན་མོང་ཐོག་ཡར་རྒྱས་སུ་གཏོང་བྱེད་ཀྱི་ཐབས་ལམ་མམ་ལྟ་གྲུབ་ཞིག་ཏུ་གྱུར་པ་ནི་སྐྱེ་བོ་དེ་དག་གི་ཟུང་ཁྲག་དང་ཚེ་སྲོག་སོགས་ལ་འབྲེལ་ཡོད།      དེས་ན་དེ་ལྟ་བུའི་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་གྲུབ་པའི་མང་གཙོ་ལམ་སྲོལ་འདི་ནི་རྣམ་དཔྱོད་དང་ལྡན་པའི་འཛམ་གླིང་མི་མང་རྣམས་ཀྱི་བླ་ན་མེད་པ་ཞིག་དང་གོང་ན་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།     དེང་གི་ཆར་སྐྱེ་བོ་དུང་ཕྱུར་མང་པོས་རང་དབང་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པ་འདི་ནི་མང་གཙོ་ཞེས་པའི་ལམ་སྲོལ་བཟང་པོ་འདིས་བསྐྲུན་པའི་འབྲས་བུ་ཞིག་ཀྱང་ཅི་ལ་མིན།  ཡིན་ན་ཡང་མང་གཙོའི་ཁེ་དབང་ཞེས་པ་ནི་རྐང་བརྐྱངས་ལག་བརྐྱངས་བྱས་ནས་བསྡད་པས་གནང་ཡོང་བ་ཞིག་དང་ཐོབ་ནུས་པ་ཞིག་མ་ཡིན་པས་རང་ཉིད་རྒྱལ་ཁབ་གང་གི་ཆབ་འབངས་ཞིག་ཡིན་ཕྱིན་དེའི་འགན་ཁུར་ཐོག་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡུལ་མིའི་གོམས་སྲོལ་སོགས་གང་ལ་ཡང་མ་འགལ་བའི་ཐོག་རྩོད་ལེན་བྱེད་དགོས་པ་ནི་ད་ལྟའི་ཆར་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་གང་གི་མང་གཙོའི་བརྒྱུད་རིམ་ལ་ཕྱི་མིག་བལྟས་ན་མཐོང་ཐུབ་པ་ཞིག་རེད།   མང་གཙོ་ཡར་རྒྱས་འགྲོ་བ་ལ་མི་མང་དང་དབུ་ཁྲིད་ཀྱི་ཁྲོད་དགག་སྒྲུབ་དང་བ་སྲིད་ཀྱི་ཚོགས་པ་ཕན་ཚུ་བསམ་ཚུལ་བརྗེ་རེས་བྱེད་དགོས་ལ་ནོར་འཁྲུལ་བྱུང་སྐབས་ནོར་འཁྲུལ་ངོས་ལེན་ཀྱང་དེ་བས་བྱེད་དགོས་གལ་ཆེ།   ཡིན་ན་ཡང་དེ་དག་བྱེད་པར་ཆ་རྐྱེན་གཉིས་ཚང་དགོས་ཏེ།      དེ་ནི་ཤེས་ཡོན་རྣལ་མ་དང་བསམ་བློ་གུ་ཡངས་ངེས་པར་དུ་ལྡན་དགོས་པ་ལས་དེ་ལྟ་མེད་ཚེ་རྒྱལ་ཁབ་དེའི་ཆིག་སྒྲིལ་གྱི་ནུས་པ་ཡལ་སྲིད།     ཆིག་སྒྲིལ་གྱི་ནུས་པ་མེད་པའི་མང་གཙོའི་རྒྱལ་ཁབ་དེ་ལ་ཡར་རྒྱས་ནམ་ཡང་འབྱུང་མི་སྲིད་ལ་དེ་ལས་ལྡོག་སྟེ་མི་གསོད་ཁྲག་སྦྱོར་ཀྱི་དོན་རྐྱེན་རྒྱུན་ཆད་མེད་པ་ཡོང་བཞིན་པ་ཡང་མཐོང་ཆོས་སུ་ཡོད།   རང་བཙན་ཤོར་བའི་མི་རིགས་ཞིག་ལ་མཚོན་ན་ཆིག་སྒྲིལ་ཨང་དང་པོ་དང་མང་གཙོ་ཨང་གཉིས་པ་ཡིན་ཞེས་བཤད་ན་དྲ་གྲོགས་ཚང་མས་ཧང་སང་སྲིད།  ཡིན་ན་ཡང་དེ་ནི་འཐབ་རྩོད་ཀྱི་ངོ་བོ་གྲུབ་པའི་སྤྱི་ཚོགས་ཞིག་དང་ཚོགས་པ་ཞིག་ལ་མཚོན་ན་འཐབ་རྩོད་ལ་ནུས་སྟོབས་རྒྱས་པ་དང་དམིགས་ཡུལ་རྒྱུན་འཁྱོང་ཡོང་བ་ད་དུང་དགྲ་བོའི་ངན་བྱུས་ནང་དུ་མི་ཡོང་བ་སོགས་ཁྱད་ཆོས་བླ་མེད་ལྡན་ཡོད།      མ་ཚད་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟས་ན་ཡང་མི་རིགས་དེ་དང་དེས་རང་བཙན་འཐབ་རྩོད་བྱེད་སྐབས་རྒྱལ་ཁབ་གཞན་ཞིག་དང་མི་རིགས་གཞན་ཞིག་གིས་མནར་གཅོད་དང་མཉའ་གནོན་འོག་ནས་རྩོད་པ་ལས་མང་གཙོ་དང་རང་དབང་ཡོད་བཞིན་དུ་རྩོད་མཁན་ནི་ཤིན་ཏུ་དཀོན  ཡིན་ན་ཡང་དེ་དག་ལ་རྒྱལ་ཁ་ཐོབ་དོན་ནི་ཆིག་སྒྲིལ་གྱི་ནུས་པ་ཡོད་པས་རེད།   ད་དུང་འཐབ་རྩོད་བྱེད་ཡུལ་ངོ་ཚ་ཁྲེལ་མེད་ཀྱི་སྒེར་ཅོད་པའི་གཞུང་གང་དེས་ངན་བྱུས་དང་སླུ་ཁྲིད་དཀྲུག་ཤིང་སོགས་འགོག་པའི་ཐབས་ལམ་ནི་རྣམ་དཔྱོད་ལྡན་པའི་ཆིག་སྒྲིལ་ཁོ་ན་ལས་གཞན་མེད།   རང་རིགས་ལ་མཚོན་ན་ཡང་ཆིག་སྒྲིལ་ནི་ནུས་སྟོབས་ཆེ་ཤོས་དེ་ཡིན་ལ་དེ་ལྟ་ཡིན་པ་དགྲ་བོས་ཤེས་ནས་སྔོན་ཆད་བོད་སར་ཐོག་མར་བཙན་ཛུལ་བྱེད་སྐབས་ནས་བཟུང་བོད་ཀྱི་ཆིག་སྒྲིལ་ལ་ནུས་ཤུག་ཡོད་ཚད་ཀྱིས་རྒོལ་ཡོད།      དཔེ་མཚོན་ཙམ་ཞིག་བཀོད་ན།     གྲལ་རིམ་འཐབ་རྩོད་ཟེར་བའི་ངན་བྱུས་འདིའི་འོག་བོད་མི་ཤེས་ཡོན་ཅན་དང་གཞུང་གི་གནད་ཡོད་མི་སྣ་རྣམ་དཔྱོད་ལྡན་པའི་བླ་མ་སོགས་མདོར་ན་བོད་ཀྱི་ཤེས་ཡོན་པའི་དཔུང་སྡེ་དེ་དང་ཤེས་ཡོན་མེད་པའི་མི་མང་དཀྱུས་མ་བར་ཀྱི་འགལ་ཟླ་བེད་སྤྱོད་གཏོང་ནས་བོད་ཀྱི་ཆིག་སྒྲིལ་མེད་པ་བཟོ་ཐབས་བྱས་ཡོད་།   ས་ཁྱོན་ཀྱི་ཆ་ནས་ཀྱང་སོག་པོ་དང་།   ཤར་ཏོ་ཁི་སུའི་ཐཎ་སོགས་ལ་རང་གི་མི་རིགས་ཆ་ཚང་རང་སྐྱོང་ལྗོངས་གཅིག་གི་འོག་སྡོད་ཆོག་པའི་ཐོབ་ཐང་སྤྲད་ཡོད།    ཡིན་ན་ཡང་བོད་མི་ས་ཡ་དྲུག་ཙམ་འདུས་སྡོད་བྱེད་སའི་བོད་རྒྱལ་ཁབ་ཆེན་པོ་དེ་ལྗོངས་དང་ཁུལ་རྫོང་སོགས་ཁག་མང་པོ་གོས་ནས་ཆབ་སྲིད་ཀྱི་འཛིན་སྐྱོང་དུ་མ་འོག་བསྡད་དགོས་པ་བཟོས་ཡོད།   དེ་དག་ནི་མཐའ་གཏུག་ན་བོད་ཀྱི་ཆིག་སྒྲིལ་ལ་རྒོལ་བ་ཞིག་ཡིན་པ་དངོས་ཡོད་ར་སྤྲོད་ཐུབ་པ་ཞིག་རེད།   མདོར་ན་རྒྱ་དམར་གྱིས་བོད་ཀྱི་ཆིག་སྒྲིལ་ལ་རྒོལ་རྒྱུ་ནི་སྔ་ནས་ད་བར་མཚམས་འཇོག་བྱེད་མྱོང་མེད་པའི་ལས་འགུལ་ཞིག་རེད།   ཉེའི་ལོ་ཤས་སྔོན་བྱམ་པ་ཕུན་ཚོགས་ཀྱི་ཁ་གསལ་པོའི་ཐོག་རྒྱ་དམར་གྱི་གསོ་སྐྱོང་བྱས་པའི་བུ་ཕྲུག་དག་བེད་སྤྱོད་གཏོང་དགོས་པའི་སྒྲགས་གཏམ་སྤེལ་ཡོད་ལ།   ད་དུང་ལོ་སྔོན་མརཀྲུང་གོའི་བོད་རིག་པའི་དུས་དེབ་འདོན་ཐེངས་གཉིས་པའི་སྟེངལིའུ་པིང་ཞེས་པའི་མིང་ཐོག་ནས་ཀྱང་འགའ་ཟླ་བེད་སྤྱོད་གཏོང་དགོས་པ་དང་དངུལ་གྱི་སླུ་ཁྲིད་དགོས་པ་སོགས་ཁ་གསལ་པོའི་ཐོག་ནན་བརྗོད་བྱས་ཡོད།   སྔ་ཕྱིའི་བྱུང་རིམ་དང་དགྲ་བོའི་བྱེད་ཕྱོགས་གང་ལ་བསམ་ཀྱང་མང་གཙོ་མང་གཙོ་ཞེས་ཁ་ལ་འཁྱེར་ནས་གང་ཟག་བྱེ་བྲག་པ་ཞིག་གམ་ཚོགས་པ་ཕྱོག་རེ་བ་ཞིག་ལ་ཁུང་མེད་རྫུན་གཏམ་དང་མི་གཞི་སྨ་འབེ་ནང་ཁུལ་དཀྲུག་ཤིང་བྱེད་མཁན་དག་ལ་བོད་མི་རྣམས་ཀྱིས་ཟབ་ཟབ་བྱེད་དགོས་པའི་དུས་ཡིན།     འདི་ལོ་ནི་བོད་ཀྱི་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་རང་དབང་ཐོག་ནས་འོས་འདེམས་བྱེད་པའི་གོ་སྐབས་གསུམ་པ་དེ་ཡིན་ལ།  མ་ཚད་དེང་གི་ཆར་སྔོན་འགྲོ་འོས་འདེམས་ཟིན་ནས་དངོས་གཞི་ལ་སྒུག་པའི་དུས་སྐབས་ཤིག་ཀྱང་རེད།     སྤྱི་འོས་འདེམས་ཀྱི་དུས་སྐབས་འདིར་འཛམ་གླིང་ཐོག་མི་གསོད་ཀྱི་དོན་རྐྱེན་མང་ཤོས་དང་འབྱུང་ཉེན་ཆེ་ཤོས་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང།   རང་རིགས་ལ་མཚོན་ན་དེ་ལྟར་ཡོང་བའི་དོག་པ་ཙམ་ཡང་མེད་མོད།    གོང་དུ་བཤད་པ་བཞིན་གུང་ཁྲན་ཚོགས་པས་ངན་བྱུས་འོག་གི་སྐབས་ཚོ་བ་དག་ལ་མཚོན་ན་འདི་ནི་ཁོ་ཚོའི་བྱ་སྤྱོད་སྤེལ་བའི་དུས་ཚོད་ཆེས་རྩ་ཆེན་ཞིག་ཀྱང་ཡིན་སྲིད་པས།       ཤ་རུས་གདུང་རྒྱུད་གཅིག་ཅིང་བོད་ལ་སེམས་པ་དཀར་བའི་སྤུན་ཟླ་ཡོང་ལ་ཞུ་རྒྱུ་ནི་སྐབས་ཚོ་བ་དག་ལ་གོ་སྐབ་ནམ་ཡང་སྟེར་མི་ཉ་ཞེས་ཞུ་འདོད་བྱུང། 
ཚ་སྒང་ཕོ་ཉ་ནས།     

No comments:

Post a Comment

མཆན་འགོད་ཡུལ།