Monday, November 15, 2010

གསར་བརྗེ་གསུམ་གྱིས་བོད་ཀྱི་དགོན་པའི་ལམ་ལུགས་ལ་ཐག་གཅོད་བྱེད་པ།


རྩོམ་པ་པོ་་་་་་་་སྒོ་ཡོན། 
དེ་ཡང་དགོན་པ་ནི་རབ་བྱུང་བ་ཚོའི་མ་ཡུམ་ལྟ་བུ་སྟེ།  བོད་ཀྱི་གྲྭ་བཙུན་ཚང་མའང་ཐོག་མར་དགོན་སྡེ་ནས་འཚར་ལོངས་བྱུང་ཞིང་མཐར་དགོན་གནས་སུ་ཕྱིར་འཁོར་དགོས་པས་ན།  ཡོད་ཚད་དགོན་བདག་དང་དགོན་པའི་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱེད་པའི་ཁྲིམས་འོག་ནས་དགོན་ལམདགོན་པའི་ལམ་ལུགསགྱི་དཀའ་རྙོག་དང་ཚུལ་མཐུན་མིན་པའི་གནས་སྟངས་སོགས་དགོན་སྡེའི་ཕྱི་ནང་གསང་གསུམ་དག་ཚད་ག་འདྲ་ཞིག་གི་སྟེང་ནས་འགྲོ་བཞིན་ཡོད་པ་ང་ཚོ་ཀུན་ལ་གསལ་ཆ་ངེས་ཅན་ཡོད་པ་རེད།  དེ་བས་ང་རང་ཉིད་གཏོགས་པའི་བོད་ཀྱི་རབ་བྱུང་བ་ཐམས་ཅད་ཀྱང་དགོན་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་དབང་གིས་དགོན་སྡེའི་ལམ་ལུགས་ལ་ལེགས་ཉེས་འབྱེད་པ་ནི་རྒྱུ་མཚན་ཡོད་པའི་འགན་འཁྲི་གཟུར་དུ་མེད་པ་ཞིག་དང༌། རང་ཉིད་བོད་ཀྱི་ཤེས་ཡོན་པ་ཞིག་ཡིན་པའི་ངོས་ཐད་ནས་ནམ་ཡང་འཁུར་དགོས་པའི་གནད་དོན་ཞིག་རེད།  
དེས་ན་བྱེད་ཐབས་ཅི་ཞིག་ལ་བརྟེན་ཏེ་བཀས་བཀོད་དང་རྙིང་སྲོལ།  རྨོངས་ཞེན་ཅན་གྱི་བོད་ཀྱི་དགོན་ལམ་ལ་གཙང་བཤེར་དགོས་པ་རེད་ཅེ་ན།   དེ་ནི་གསར་བརྗེ་གསུམ་གྱི་སྒུལ་ཤུགས་ལ་སྐྱབས་བཅོལ་བ་ལས་ཐབས་གཞན་གང་ཡང་མེད་པར་སྣང་ངོ༌།།

གཅིག   དགོན་པའི་དགོན་བདག་ལ་གསར་བརྗེ་དགོས་པ།

མིའི་རིགས་ཀྱི་བྱིས་པའི་མདུན་ལམ་ནི་ཕ་མའི་སློབ་གསོ་བཟང་ངན་ལ་ཐུག་ཡོད་པ་ལྟར་དུ།  དགོན་སྡེའི་ཁྲོད་ཀྱི་གྲྭ་བཙུན་ཚོའི་ཀུན་སྤྱོད་ཀྱི་རྣམ་པ་དང་བསམ་བློའི་རྒྱ་ཁྱོན། འཚོ་བ་བཙལ་ཐབས་སོགས་དགོན་པའི་བྱ་བ་ཕྲ་རགས་མཐའ་དག་ཀྱང་མཐར་གཏུགས་ན་དགོན་བདག་རྣམས་ཀྱི་ཤེས་ཡོན་གྱི་མཐོ་དམན་དང་བསམ་བློའི་མཛེས་བཙོག་ལ་རག་ལས་ཤིང༌།  དགོན་བདག་ནི་དགོན་པའི་མགོ་རྔ་ཆ་ཚང་དྲང་ལམ་དུ་གཞག་པའི་ཕ་མ་ལྟ་བུ་ཡིན་ཕྱིར།  གལ་ཏེ་དགོན་བདག་གི་གནས་སྟངས་ལ་ནོར་འཁྲུལ་བྱུང་ཚེ་དགོན་པའི་ལམ་ལུགས་མཐའ་དག་ཀྱང་ནོར་འཁྲུལ་ཁོ་ནའི་རང་བཞིན་ལས་གཞན་དུ་མི་འགྲོ་བས་ན། བོད་ཀྱི་དགོན་སྡེ་ཚོ་དང་འབྲེལ་བའི་ལོ་རྒྱུས་ཁྲོད་ཀྱི་ནག་ཉེས་ཀུན་ཀྱི་རྩ་བའང་དོན་ངོ་མར་དགོན་བདག་རྣམས་མ་འགྲིག་པར་ངོས་འཛིན་དགོས།
དེ་བས་ང་ཚོས་ད་ལྟ་ནས་བཟུང་སྟེ་ལྷག་བསམ་དང་ཤེས་ཡོན་ལ་མི་བལྟ་བར་མི་ངོ་དང་རྒྱུ་ངོ་ལ་བལྟ་བ་དང༌། བྱ་བའི་ཉམས་མྱོང་དང་ཐབས་ཤེས་ཀྱི་
འཇོན་ནུས་ལ་མི་བལྟ་བརསྤྲུལ་སྐུཡིན་མིན་ལ་བལྟ་བ་སོགས་སྔར་གྱི་སྲོལ་རྒྱུན་གྱི་ལམ་ནས་དགོན་བདག་བསྐོ་བཞག་བྱེད་པའི་ལམ་ལུགས་རུལ་སུངས་དེ་ཉིད་རྩ་གཏོར་བྱས་ཏེ།  གནའ་དེང་གི་རིག་གནས་སྤྱི་ལ་བློ་གྲོས་མ་རྨོངས་ཤིང༌། ནང་བསྟན་དང་དགོན་སྡེའི་བདེ་སྡུག་ལ་འགན་འཁྲི་བླ་མེད་བཞེས་པའི་གྲྭ་བཙུན་ཤེས་ཡོན་ཅན་ཞིག་དམངས་གཙོའི་ལམ་ནས་དགོན་བདག་ཏུ་གསར་བརྗེ་བྱེད་རྒྱུ་ནི་བོད་ཀྱི་དགོན་ལམ་དྲང་ཕྱོགས་སུ་འགྲོ་བའི་རྨང་གཞིའི་གནད་དོན་ཡིན།


གཉིས།  དགོན་པའི་དཔལ་འབྱོར་ལ་གསར་བརྗེ་དགོས་པ།
བོད་ཡུལ་འདིར་དགོན་སྡེ་དར་ནས་ལོ་ངོ་སྟོང་ལྷག་ཕྱིན་ཟིན་ནའང་དཔལ་འབྱོར་གྱི་ཡོང་ཁུངས་སམ་འཚོ་བའི་རྟེན་གཞི་ནི་མང་ཚོགས་ལས་བསྡུ་ལེན་བྱེད་པ་ཞིག་ལས། དགོན་པ་རང་ཉིད་ཀྱི་གསོག་དངུལ་དང་ངལ་རྩོལ་ལ་བརྟེན་ཏེ་དགོན་པ་རང་ཉིད་སྐྱོབ་ཀྱིན་ཡོད་པ་ནི་རེ་གཉིས་ཙམ་ལས་མ་མཐོང་ལ། དེའང་རོང་འབྲོག་དབུལ་བོ་དག་གི་གནས་བབ་ལ་མི་ལྟོས་པར་གང་བྱུང་དུ་རྒྱུ་དངོས་ལེན་པ་དང༌། མང་ཚོགས་ཀྱི་འདོད་བློ་ལ་མི་བསྟུན་པར་རྒྱལ་ཁབ་ཀྱི་ལམ་ལུགས་ལྟར་དུ་ལོ་རེ་བཞིན་བཙན་ཁྲལ་བསྡུས་ཏེ་དགོན་པའི་ལས་ཀ་མཐའ་དག་ཐག་གཅོད་བྱེད་པ་སོགས་གནས་ལུགས་དང་བདེན་དོན་ལ་རྒྱབ་གཏོད་པའི་འཚོ་གནས་སྐྱོང་སྟངས་འདི་རིགས་ནི་སངས་རྒྱས་ཆོས་ལུགས་ཀྱི་འཚེ་མེད་བསམ་བློའི་རྒྱུད་འཛིན་པ་ཞིག་ལྟ་ཅི།  འཇིག་རྟེན་ཕལ་བ་ཚོས་ཀྱང་བསྒྲུབ་འོས་པ་ཞིག་རྩ་བ་ནས་མིན་ཕྱིར། 

དུས་ད་ནས་ང་ཚོའི་དགོན་པ་དག་གིས་མང་ཚོགས་དབུལ་བོ་རྣམསཕར་སྐྱོང་བཞིག་བྱ་མ་ཐུབ་ཀྱང༌།  ཚུར་སྐྱོང་བའིསྲོལ་རྒྱུན་ངན་གོམས་ཀྱི་བག་ཆགས་རྙིང་བ་འདི་ཉིད་ནི་གཏན་དུ་འདོར་དགོས་པའི་གནས་ཤིག་མ་རེད་དམ།  དེས་ན་དེང་ཕྱིན་ཆད་བོད་ཀྱི་དགོན་པ་རང་རང་གི་དཔལ་འབྱོར་གྱི་མཐོ་ཚད་དང་བསྟུན་ཏེ་ཚོང་ལས་གཉེར་བ་སོགས་རང་ཁ་རང་གསོའི་ལམ་བུ་གསར་བ་ཞིག་ལ་མྱུར་བགྲོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་གལ་ཆེན་ཞིག་ལ་བརྩི་འོས་པར་འདོད།


གསུམ།  དགོན་པའི་སློབ་སྦྱོང་ལ་གསར་བརྗེ་དགོས་པ།
དེ་ཡང་ང་ཚོ་འཚོ་སྡོད་བྱེད་པའི་དེ་རིང་ནི་སྔོན་ཆད་དང་ཁྱོན་ནས་མི་འདྲ་བར་དུས་རབས་གསར་བ་ལ་ཟིན་ཡོད་པ་སྟེ།  ནུབ་ཕྱོགས་ཀྱི་ཚན་རིག་དང་མཚན་ཉིད། དབྱིན་ཇུའི་སྐད་ཡིག་རིག་པ་སོགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཅིང༌།  བརྡ་འཕྲིན་གྱི་ལམ་ཕྱོགས་དང་འགྲོགས་ཏེ་སའི་གོ་ལའི་ཁྱིམ་ཚང་གཅིག་ཏུ་སྒྲིལ་བའི་དུས་སྐབས་ལ་བསླེབས་ཡོད་པ་རེད།   དེར་བརྟེན།༧ རྗེ་མི་ལ་རས་པ་ལྟར་བྲག་ཁུང་ལ་ཁེན་ནས་སྡོད་ཐུབ་པ་ཞིག་ཡིན་ན་མ་གཏོགས། འགྲོ་བ་མིའི་རིགས་ཚང་མ་དུས་རབས་གསར་བའི་འགྲོ་ཕྱོགས་འདིར་འཇུག་གིན་ཡོད་པའི་དབང་གིས། ང་ཚོ་གྲྭ་བཙུན་ཞིག་ཡིན་ཚེ་ནང་བསྟན་གྱི་གཞུང་ལུགས་ནི་ཚད་ངེས་ཅན་ཞིག་ཤེས་དགོས་ན་ཡང་དེ་ཁོ་ན་ཙམ་གྱིས་གར་ཡང་མི་ཕྱིན་པས།  བོད་ཀྱི་དགོན་པ་དག་གི་སློབ་ཁྲིད་ནང་དུ་ནུབ་ཕྱོགས་ཀྱི་ཚན་རིག་དང་སྐད་ཡིག རྩིས་འཕྲུལ་དང་སློབ་གསོ།  རྩོམ་རིག་སོགས་འོས་འཚམ་ཞིག་གསར་དུ་སློབ་སྦྱོང་བྱ་བར་བཀོད་སྒྲིག་དགོས་ཤིང༌། དེ་ལྟར་བྱས་ཚེ་ང་ཚོའི་ནང་བསྟན་འདི་ཉིད་ཀྱང་དུས་རབས་དང་མཐུན་ཞིང༌།  འཛམ་གླིང་ལ་ཁ་ཕྱོགས་པའི་བགྲོད་སྟངས་གསར་བ་ཞིག་ལ་འགྲོ་ཐུབ་པ་མ་ཟད། ཆོས་དད་པ་དུང་ཕྱུར་བཞི་ལྷག་ལས་མེད་པའི་གྱོང་གུད་འདི་ཉིད་ཀྱང་གཏན་དུ་ཡལ་ཏེ།  བརྡ་འཕྲིན་གྱི་དར་ཚད་ཇི་ལྟར་རྒྱ་ཆེ་ན་སངས་རྒྱས་ཆོས་ལུགས་ཀྱང་དེ་ལྟར་འཕེལ་རྒྱས་སུ་ཕྱིན་ཐུབ་པ་ཡིན་པས།  

སྔར་གྱི་བཀའ་པོད་ལྔ་ཁོ་ན་ཙམ་མམ་བོད་ཀྱི་རིག་གཞུང་རྐྱང་བར་མགོ་ཐོགས་པའི་ལམ་ལུགས་ལ་གསར་སྣོན་ཅུང་ཟད་དགོས་པ་སྟེ།  གྲྭ་རྐྱང་ཕལ་བ་ཞིག་ཡིན་ན་ཡང་ཤར་ནུབ་ཀྱི་བསམ་བློའི་གནས་སྟངས་དང་འཚོ་བའི་ཁ་ཕྱོགས་སྤྱི་ལ་རྒྱུས་མངའ་ཡོད་པར་བྱ་བ་ནི་ཁ་སང་དེ་རིང་གི་བོད་ཀྱི་དགོན་ལམ་ཁྲོད་དུ་མ་བསྐུལ་ཕྲག་ཏུ་བབས་ཡོད་པ་ཞིག་རེད།

སྤྱིར་བཏང་མི་རིགས་ཤིག་ཡིན་ཚེ་ཆོས་ལུགས་ལ་རག་ལས་པའི་ངེས་པ་མེད་ནའང༌།   ད་ལྟའི་ཆར་བོད་རིགས་འཕེལ་རྒྱས་འབྱུང་མིན་ནི་དགོན་པའི་ལམ་ལུགས་ལ་འབྲེལ་བ་དམ་ཟབ་ཡོད་དེ།   བོད་མི་སུ་ཡིན་ཡང་དགོན་པ་ཞིག་གམ་བླ་སྤྲུལ་ཞིག་གིས་བཀོད་འདོམས་དང་དབང་སྒྱུར་བྱེད་ཀྱིན་མེད་པ་ཞིག་ཧ་ཅང་དཀོན་པས།  དགོན་པའི་ལམ་ལུགས་ལ་ནོར་འཁྲུལ་བྱུང་ཚེ་བོད་མི་བྱིངས་ཀྱི་གནས་སྟངས་ལ་དཀའ་རྙོག་བཟོ་ངེས་ཤིང༌།  དགོན་པའི་ལམ་ལུགས་སྔར་ལས་ལྡོག་སྟེ་གཙང་ཡངས་དང་འཐུས་ཚང་ཞིག་ཏུ་གྱུར་ཚེ་བོད་རིགས་སྤྱིའི་ལས་དབང་ལ་ཡང་རེ་བ་ཅུང་ཟད་སྨིན་སོང་བ་ཡིན་ཕྱིར། གྲྭ་བ་དང་གྲོང་བའི་དབྱེ་བ་མ་མཆིས་པར་བོད་ཀྱི་དགོན་ལམ་ལ་བཟོ་བཅོས་དང་གཙང་དག་ཏུ་གཏོང་བ་ནི་ད་ཡོད་ཀྱི་ལས་དོན་དངོས་མ་ཡིན་པར་སེམས་ལ།  ལྷག་ཏུ་དགོན་པའི་ལས་གཉེར་བ་དག་གིས་བོད་ཀྱི་དགོན་སྡེའི་ལམ་ལུགས་འདི་ཉིད་ནང་བསྟན་གྱི་ངོ་བོ་དང་མ་བྲལ་ཞིང་དུས་རབས་དང་མི་འགལ་བ་ཞིག་ཏུ་སྐྱོང་རྒྱུ་ནི་གལ་ཆེ་བའི་གནས་སོ། 


  2009/5/14 ཉིན་གསེར་ཐང་།

ཞར་བཀོད། དགོན་ལམ་གྱི་གནས་སྟངས་གཞན་ཞིག

           
མི་རྣམས་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་སྦྱིན་དགོས་ཚེ་ཐོག་མར་ཁ་བརྡའི་གནས་བབ་ལས་འགོ་བརྩམ་དགོས་ཤིང༌།          དེ་དང་མཉམ་པོར་ཆོས་ལུགས་ནི་མི་གཤིས་ལ་བརྟན་རླིང་གཏོང་བྱེད་ཀྱི་བློ་རྩལ་འཐུས་ཚང་ཞིག་ཡིན་པས་མིའི་བློ་སྒོ་འབྱེད་པའི་དུས་སུ་ཆོས་ལུགས་ཀྱིནང་བསྟན་ཆོས་ལུགསབསྟི་གནས་དགོན་པ་དང་དགོན་པའི་ལམ་ལུགས་ཀྱང་འཆད་དགོས་ཀྱི་ཡོད།    

ཨུ་རུ་སུ་དང་དབྱིན་ཇི།           ཨ་མེ་རུ་ཀ་སོགས་ཕྱི་རྒྱལ་གྱི་མིསབོད་ཀྱི་དགོན་སྡེཞེས་པ་ཐོས་སྐབས་ཚི་དྲེག་བརྩེགས་ཤིང་ལྷན་པ་མང་བའི་གོས་དམར་ཧྲུལ་གྱོན་མཁན་གྱི་བན་རྒན་འགའི་སྡོད་ཁང་ལྷང་ངེར་དྲན་འོང་ལ།     རྒྱ་ནག་དང་ཐེ་ཝན་སོགས་ཀྱི་མིསབོད་ཀྱི་དགོན་པགླེང་དུས་སྟོད་ལྭ་སེར་པོས་གཡོགས་པའི་བླ་ཆེན་འགའ་སྟེ།            ནམ་རྒྱུན་སྒོར་མོ་ལས་བསམ་རྒྱུ་མེད་པའི་འབག་སྐུ་དུ་མ་བསྐྲུན་མཁན་གྱི་ཆོས་པ་ཚོན་པོ་ཞིག་ཡིད་ལ་འཆར་སྲིད།          ཡིན་ན་ཡང་བོད་ཀྱི་རོང་འབྲོག་དག་ནི་དེ་འདྲ་མ་ཡིན་པར་དགོན་པ་འདི་ཀ་དྲན་ཐེངས་རེ་རེར་ཁོ་ཚོས་མར་དང་རྩམ་པ།        ཤ་དང་སྒོར་མོ་མི་ཉུང་བ་ཞིག་ལོ་རེ་བཞིན་སྤྲད་དགོས་སའི་ཁྲལ་བསྡུ་མཁན་གྱི་རྣམ་པ་མི་མཚུངས་པ་ཞིག་ཡིད་ལ་གསལ་ཡང་ཐང༌།         དོན་དངོས་ཐོག་ནས་དེ་དག་གི་སེམས་ཀྱི་འཛིན་སྟངས་མི་གཅིག་པ་ཙམ་ལས་མཐར་གཏུག་ན་བོད་ཀྱི་དགོན་པ་དང་དེའི་ལམ་ལུགས་ལས་གཞན་སུ་ཡང་ཡིན་གྱི་མ་རེད།     ང་ཚོས་ཕྱིའི་ཆ་ནས་བལྟས་ན་བོད་ཀྱི་དགོན་པ་དག་གི་དབྱིབས་བཀོད་རྫིག་པོ་དང་མཆོད་སྟེགས་ཀྱི་འདྲ་སྐུ་དུ་མ་སོགས་སེར་ལམ་ལམ་གྱི་ཡོ་བྱད་དག་མཛེས་པོར་སྣང་ཡང་སྲིད་མོད།  ནང་གི་འཚོ་གནས་ལ་དངོས་སུ་མྱང་ཚེ་གྲལ་རིམ་ལམ་ལུགས་དང་བཙན་བསྒྱུར་ཆོས་འབྱེད་བཅས་ལས་ཕལ་ཆེར་མཐོང་རྒྱུ་ཡོད་ཚོད་མི་འདུག་ལ།           དཔལ་འབྱོར་འགྲན་རྩོད་དང་རང་སྣང་རྒྱ་ཡན་ཙམ་ལས་ཅི་ཡང་དམིགས་བྱ་མི་འདུག་ཕྱིར།    འདི་ལྟ་བུའི་ལམ་ནས་གྲོང་ཆོག་གཙོར་འཛིན་དང་ཁྱིམ་ཚང་བདག་སྐྱོང་མ་གཏོགས་མིའི་རིགས་ཀྱི་ལེགས་ཉེས་ལ་ལག་པ་བསྲིང་མཁན་དང་ལུགས་གཉིས་ཀྱི་གནས་ལུགས་ལ་སྐྱབས་བཅོལ་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་ཤིན་ཏུ་དཀོན།  དེ་བས།
མུ་མཐུད་དུ་སྲོལ་ལུགས་འདི་ཀ་རྒྱུན་བསྐྱངས་ནས་ཇེ་རིང་དུ་བཏང་ན་བོད་ཀྱི་དགོན་པ་འདི་དག་མཐར་གཏུག་ཚེ་འཇིག་རྟེན་པའི་གྲོང་སྡེ་ཞིག་ཏུ་འགྱུར་འགྲོ་བ་ནི་སྨོས་མི་དགོས་པས་མཐའ་གཅིག་ཏུ་ལམ་ལུགས་རྫོབ་པོ་འདིར་བཅོས་སྒྱུར་བཟང་ཙམ་བྱས་ན་འགྲིག་པར་སེམས།      
 དེ་ཡང་བཅོས་སྒྱུར་གྱི་འགོ་དེ་གང་ནས་བརྩམ་རྒྱུ་ཡིན་དྲིས་ཚེ།     དེ་ནི་དགོན་འདབས་སུ་སློབ་གྲྭ་འཛུགས་རྒྱུ་དང་བཤད་གྲྭ་བསྐྲུན་རྒྱུ།           ཟླ་ཕོག་སྟེར་བྱ་བཅས་ཀྱི་ལས་ཀ་གང་ཡང་མིན་པར་ཆེས་ཐོག་མར་དགོན་བདག་གི་གདོང་ལ་མཛུབ་མོ་བཙུགས་ནས་ཁོང་གི་ལྟ་ཡུལ་དེ་ཇེ་ཡངས་སུ་བྱ་རྒྱུ་ཁོ་ན་དང༌།        ཁོང་གི་བགྲོད་ལམ་དེ་ཇེ་རིང་དུ་གཏང་རྒྱུ་གཅིག་པུ་ཡིན།    གལ་སྲིད་ཁོང་གི་དམིགས་ཡུལ་དེ་གྲགས་པ་ཙམ་པོ་ཡིན་ཚེ་དེ་ལས་ལྡོག་སྟེ་ཤེས་རིག་གི་ཉིང་ཁུ་ལ་བལྟ་རུ་འཇུག་དགོས་པ་དང༌།       ཁོང་གིས་བརྩོན་ཡུལ་དེ་འབྱོར་བ་ཁོ་ན་བྱེད་ན་ཆོས་ལུགས་ཀྱི་ངོ་བོ་ལ་སྒོམ་ཁྲིད་གནང་དུ་འཇུག་དགོས་ཀྱི་རེད།     ཁོང་གིས་སྲོལ་རྒྱུན་ལ་ཨུ་ཚུགས་ཀྱི་འཐམ་ན་དེང་རབས་ལ་དྲང་བདེན་གྱིས་བསྒྱུར་དགོས་ཀྱི་རེད།         ཁོང་གིས་གྲྭ་རྐྱང་དག་བཙན་གྱིས་གཡོག་ཏུ་བཀོལ་ཚེ་ཉིད་ཀྱི་ཡོན་ཏན་དག་ཐབས་ཀྱིས་དམངས་ཚོགས་ལ་བསྒྲག་དགོས་པ་རེད།            མདོར་ན།  དགོན་པའི་ལམ་ལུགས་མཐུག་པོར་བཅོས་སྒྱུར་དགོས་ཚེ་དགོན་བདག་གམ་དགོན་དཔོན་ནི་དུས་ནམ་ཡང་གུ་ཡངས་སུ་གཏང་མི་རུང་བའི་ཉེས་ཅན་གཙོ་བོ་སྟེ་དགོན་པའི་ལས་གནས་ཡོད་ཚད་ཁོང་དང་གཞི་གཅིག་ཏུ་འབྲེལ་ཡོད་པས་སོ།              
དེས་ན་འུ་ཚོས་དགོན་སྡེའི་ལམ་ལུགས་ཀྱི་རྙོག་དྲ་འདིར་ངེས་པར་གཡུལ་འཐབ་དགོས་པ་སྟེ།        གཡུལ་འཐབ་དེ་ཡང་མཚོན་ཆས་བྱ་རྒྱུ་ཞིག་ལར་ནས་མ་ཡིན་པར་ཐུབ་པ་སངས་རྒྱས་ཀྱི་རྩ་དོན་ངོ་མ་དང་དུས་རབས་གསར་བ་ཡི་གནས་ལུགས་ཟབ་མོ་ཐོགས་ནས་གཡུལ་འཐབ་དགོས་པ་རེད།   གཙོ་བོ་དགོན་བདག་འདི་ཉིད་གུ་དོག་དང་འཁྲེགས་འཛིན།  ཨུ་ཚུགས་བཅས་ཀྱི་གཡང་ས་ལས་བསྐྱབ་ཐུབ་པ་བྱུང་ཚེ།           ད་བཟོད་གཡུལ་འཐབ་དེ་ཡང་རང་བཞིན་གྱི་གཡུལ་འཐབ་ཅིག་ཏུ་མ་སོང་བར་འཕྲུལ་འཁོར་རྩ་ཆེན་ལྡན་པའི་གཡུལ་འཐབ་ཅིག་ཏུ་འགྱུར་ཐུབ་པར་ངེས།                                          
དགོན་སྡེའི་ལམ་ལ་ལུགས་ལེགས་ཉེས་འབྱེད་པ་ནི་བོད་ཀྱི་སྤྱི་ཚོགས་ཧྲིལ་བོའི་ཞྭ་མོ་བརྗེ་བ་དང་མཚུངས་ཤིང༌། གལ་ཏེ་ཞྭ་མོ་དེ་ཉིད་ཇེ་ལྗིད་དང་ཇེ་རྙིང་དུ་འགྲོ་གིན་ཡོད་ན་མཐའ་གཅིག་ཏུ་ཞྭ་མོ་སྲུང་མཁན་གྱི་མི་ཆེན་དེ་ཚོར་མཆི་མ་དཀུ་བ་དང་རྟིང་སྐུལ་འདེབས་པར་ཧུར་བརྩོན་མཛད་པ་ནི་ལྷག་བསམ་ཆེན་མོ་བ་དག་གིས་ཚུར་ལེན་རང་ལུགས་ལས་མ་འདས་སོ།།    
སྒོ་ཡོན་གྱི་ཟིན་བྲིས་ལས་བཤུས།

No comments:

Post a Comment

མཆན་འགོད་ཡུལ།