Monday, November 15, 2010

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས། ༢༽

    ཁག་གཉིས། 

དོན་ཚན་སོ་གསུམ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་མི་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན།རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་པ་དང་འགན་སྲུང་བྱེད་རྒྱུ།སྤྱི་དམངས་སུ་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཡོད་པ་དང་ཆབ་ཅིག་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་འོས་འགན་རྣམས་ངེས་པར་དུ་བསྒྲུབ་དགོས།
དོན་ཚན་སོ་བཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཡིན་ཕྱིན།མི་རིགས་དང༌།རིགས་རྒྱུད།ཕོ་མོ།ལས་རིགས།ཁྱིམ་ཚང་གོ་འབྱུང་ཁུངས།ཆོས་ལུགས་དད་པ།སློབ་གསོ་ཐོབ་ཚད།རྒྱུ་ནོར་མང་ཉུང༌།གཞིས་སྡོད་དུས་ཡུན་བཅས་ཀྱི་དབྱེ་བ་མི་འབྱེད་པར་ཚང་མར་འདེམ་བྱེད་དང་འདམ་བྱའི་དབང་ཆ་ཡོད།འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ཟིན་པ་རྣམས་འདིའི་གྲས་སུ་ཚུད་མེད།
དོན་ཚན་སོ་ལྔ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང༌། དཔེ་སྐྲུན།འདུ་ཚོགས།ཚོགས་པ་འཛུགས་པ།ཁྲོམ་སྐོར།རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།
དོན་ཚན་སོ་དྲུགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་དབང་ཡོད།རྒྱལ་ཁབ་ཀྱི་ལས་ཁུངས་དང༌།སྤྱི་ཚོགས་ཀྱི་ཚོགས་པ།མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་ཆོགཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱེད་མི་ཆོགརྒྱལ་ཁབ་ཀྱིས་རྒྱུན་ལྡན་ཆོས་ལུགས་ཀྱི་བྱེད་སྒོ་སྲུང་སྐྱོང་བྱེད་པ་ཡིན།མི་སུ་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང༌།སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ།རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགལ་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བསྒྲུབ་མི་ཆོགཆོས་ལུགས་ཀྱི་ཚོགསས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐད་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཁ་ལོ་བསྒྱུར་མི་ཆོག
དོན་ཚན་སོ་བདུན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བཏང་མི་ཆོགསྤྱི་དམངས་སུ་ཞིག་ཡིན་རུང་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་པའམ་ཐག་གིས་བཅད་པ་དང༌།ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་གིས་བཅད་དེ་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱས་ན་མ་གཏོགས་འཛིན་བཟུང་བྱེད་མི་རུང༌།
ཁྲིམས་འགལ་གྱིས་བཀག་སྐྱིལ་བྱེད་པ་དང་བྱེད་ཐབས་གཞན་གྱིས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་མི་ལུས་རང་དབང་བཙན་འཕྲོག་བྱེད་པའམ་ཚོད་འཛིན་བྱེད་པ་བཀག་སྡོམ་དང༌། ཁྲིམས་འགལ་གྱིས་སྤྱི་དམངས་ལ་ལུས་བཤེར་བྱེད་པ་བཀག་སྡོམ་བྱེད་དགོས།
དོན་ཚན་སོ་བརྒྱད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་ཐེབས་མི་ཆོག  སྤྱི་དམངས་ལ་བྱེད་ཐབས་གང་རུང་སྤྱད་ནས་བརྙན་བཅོས་དང་དམའ་འབེབས་བྱེད་པ་དང༌། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་བྱེད་པ་བཀག་སྡོམ་བྱེད་དགོས།
དོན་ཚན་སོ་དགུཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་སྡོད་ཁང་ལ་བཙན་གནོད་ཐེབས་མི་ཆོགཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་སྡོད་ཁང་ནང་སྔོག་བཤེར་བྱེད་པའམ་བཙན་འཛུལ་བྱེད་པ་བཀག་སྡོམ་བྱེད་དགོས།
དོན་ཚན་བཞི་བཅུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འཕྲིན་སྐྱེལ་རང་དབང་དང་འཕྲིན་སྐྱེལ་གསང་དོན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པ་ཡིན།རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཉེན་དོན་གྱི་ཉེས་སྤྱོད་རྩད་གཅོད་བྱེད་དགོས་པའི་རྐྱེན་གྱིས་སྤྱི་བདེ་ལས་ཁུངས་སམ་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་གོ་རིམ་ལྟར་འཕྲིན་ཡིག་ལ་ཞིབ་བཤེར་བྱེད་རྒྱུད་ཕུད།རྩ་འཛུགས་གང་ཞིག་དང་མི་སུ་ཞིག་གིས་ཀྱང་རྒྱུན་མཚན་གང་རུང་ཞིག་ལ་ཁ་གཡར་ནས་སྤྱི་དམངས་ཀྱི་འཕྲིན་སྐྱེལ་རང་དབང་དང་འཕྲིན་ཡིག་གི་གསང་དོན་ལ་གནོད་པ་བཏང་མི་ཆོག
དོན་ཚན་ཞེ་གཅིགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ལས་ཁུངས་གང་ཞིག་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་སུ་ཞིག་ཡིན་ནའང་དེར་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་དབང་ཆ་ཡོདཔ་དང༌།རྒྱལ་ཁབ་ཀྱི་ལས་ཁུངས་གང་ཞིག་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་སུ་ཞིག་ཡིན་རུང་ཁྲིམས་འགལ་འགན་འཛོལ་གྱི་བྱ་སྤྱོད་བྱུང་ན།རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་དེའི་གནས་ལུགས་ཞུ་བ་དང་ཞུ་གཏུག་བྱེད་པའམ་ཉེས་སྐྱོན་འདོན་པའི་ཁེ་དབང་ཡོད།འོན་ཀྱང་དོན་དངོས་རྫུན་བཟོའམ་འཁྱོག་བཤད་བྱས་ནས་གཞན་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་མི་ཆོགསྤྱི་དམངས་ཀྱིས་གནས་ལུགས་ཞུས་པ་དང་ཞུ་གཏུག་བྱས་པའམ་ཡང་ན་ཉེས་སྐྱོན་བཏོན་པ་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་དོན་དངོས་ཞིབ་རྩད་བྱས་ཏེ་ཐག་གཅོད་བྱེད་དགོས།མི་སུ་ཞིག་གིས་ཀྱང་འགོག་གནོན་དང་རྡུང་རྡེག་འཁོན་སློག་བྱེད་མི་ཆོགརྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་པས་སྤྱི་དམངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་པའི་དབང་གིས་གྱོང་གུད་ཕོག་པའི་མི་ལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྐྱིན་ཚབ་ལེན་པའི་ཁེ་དབང་ཡོད།
དོན་ཚན་ཞེ་གཉིས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ངལ་རྩོལ་བྱེད་པའི་ཁེ་དབང་དང་འོས་འགན་ཡོད།
རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ངལ་རྩོལ་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན་པ་དང༌། ངལ་རྩོལ་གྱི་བདེ་སྲུང་ལ་ཤུགས་སྣོན། ངལ་རྩོལ་གྱི་ཆ་རྐྱེན་ལེགས་བཅོས་བྱེད་པ་མ་ཟད༌། ཐོན་སྐྱེད་གོང་དུ་སྤེལ་བའི་རྨང་གཞིའི་ཐོག་ངལ་རྩོལ་ཐོབ་ཆ་སྤར་ཐབས་དང་ཕན་བདེའི་ལྟ་སྐྱོང་ཇེ་ལེགས་སུ་གཏོང་བ་ཡིན།ངལ་རྩོལ་ནི་ངལ་རྩོལ་ནུས་ཤུགས་ཡོད་པའི་སྤྱི་དམངས་ཚང་མའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན། རྒྱལ་གཉེར་ཁེ་ལས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ཀྱི་ངལ་རྩོལ་པ་རྣམས་ངལ་རྩོལ་བྱེད་སྐབས་རང་ཉིད་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པའི་སྤྱོད་ཚུལ་འཛིན་དགོས།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་འགྲན་བསྡུར་བྱེད་པ་དར་སྤེལ་དང་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་གྱི་ལས་བྱེད་པར་བྱ་དགའ་སྟེར་བ་ཡིན།རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱིས་འོས་འགན་ངལ་རྩོལ་བྱེད་པ་དར་སྤེལ་བྱེད་པ་ཡིན། རྒྱལ་ཁབ་ཀྱིས་ལས་ཀར་མ་ཞུགས་གོང་གི་སྤྱི་དམངས་ལ་ངལ་རྩོལ་ལས་ཞུགས་ཀྱིས་སྦྱོང་བརྡར་བྱེད་པ་ཡིན།
དོན་ཚན་ཞེ་གསུམ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་པ་ངལ་གསོའི་ཁེ་དབང་ཡོད།རྒྱལ་ཁབ་ཀྱིས་ངལ་རྩོལ་པར་ངལ་གསོ་པར་ངལ་གསོ་དང་ལུས་གསོའི་སྒྲིག་བཀོད་གོང་དུ་སྤེལ་བ་དང༌།ལས་བཟོའི་ལས་ཀ་བྱེད་ཡུན་དང་གུང་སེང་ལམ་ལུགས་གཏན་ལ་འབེབབས་བྱེད་པ་ཡིན།
དོན་ཚན་ཞེ་བཞི།རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁེ་ལས་དང་ལས་དོན་རྩ་འཛུགས་ཀྱི་ལས་བཟོ་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི་ལས་འཁྱུར་ངལ་གསོའི་ལམ་ལུགས་ལག་ལེན་དུ་བསྟར་བ་ཡིན།ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་འཚོ་བར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་འགན་སྲུང་བྱེད་པ་ཡིན།
དོན་ཚན་ཞེ་ལྔ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལོ་ན་རྒས་པ་དང༌། ནད་ཀྱིས་མནར་བའམ་ངལ་རྩོལ་གྱི་ནུས་པ་ཤོར་བ་བཅས་བྱུང་ཚེ།རྒྱལ་ཁབ་དང་སྤྱི་ཚོགས་ནས་དངོས་པོའི་རོགས་རམ་འཐོབ་པའི་ཁེ་དབང་ཡོད།རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཉེན་སྲུང་དང༌།སྤྱི་ཚོགས་རྒུད་སྐྱོབ།སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་བྱ་བཞག་གོང་དུ་སྤེལ་བ་ཡིན།རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་དམག་མིའི་འཚོ་བ་འགན་ལེན་བྱེད་པ་དང༌། སྐུ་གཤེགས་དཔའ་བོའི་ཁྱིམ་མིར་འཆི་གོད་གྱོང་གསབ་དང་ལྟ་སྐྱོང༌།དམག་མིའི་ཁྱིམ་མིར་དམིགས་བསལ་བདག་སྐྱོང་བཅས་བྱེད་དགོས།རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ལོང་བ་དང༌། འོན་པ། ལྐུགས་པ་བཅས་དང་དབང་བོར་སྐྱོན་ཡོད་པའི་སྤྱི་དམངས་གཞན་དག་རྣམས་ལ་ངལ་རྩོལ་དང༌། འཚོ་བ། སློབ་གསོ་བཅས་ཀྱི་ཐད་ནས་བཀོད་སྒྲིག་བྱེད་རོགས་བྱེད་པ་ཡིན།
དོན་ཚན་ཞེ་དྲུགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་འཐོབ་པའི་ཁེ་དབང་དང་འོས་འགན་ཡོད།རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ན་གཞོན་དང༌།ན་ཆུང་བྱིས་པ་རྣམས་ཀུན་སྤྱོད་དང༌།ཤེས་རིགགཟུགས་གཞི་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་གསོ་སྐྱོང་བྱེད་པ་ཡིན།
དོན་ཚན་ཞེ་བདུན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཚན་རིག་ཞིབ་འཇུག་དང༌།རྩོམ་རིག་སྒྱུར་རྩལ་གསར་རྩོམ།རིག་གནས་ཀྱི་བྱེད་སྒོ་གཞན་དག་བཅས་སྤེལ་རྒྱུའི་རང་དབང་ཡོད།རྒྱལ་ཁབ་ཀྱིས་སློབ་གསོ་དང༌།ཚན་རིགལག་རྩལ།རྩོམ་རིགསྒྱུ་རྩལ།རིག་གནས་ཀྱི་བྱ་བཞག་གཞན་དག་དོན་དུ་གཉེར་བའི་སྤྱི་དམངས་ཀྱིས་མི་དམངས་ལ་ཕན་པའི་གསར་སྐྲུན་རང་བཞིན་གྱི་ལས་ཀ་སྒྲུབ་པར་སྐུལ་མ་དང་རོགས་རམ་བྱེད་པ་ཡིན།
དོན་ཚན་ཞེ་བརྒྱད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་རྣམས་ཀྱིས་ཆབ་སྲིད་དང༌།དཔལ་འབྱོར།རིག་གནས།སྤྱི་ཚོགས།ཁྱིམ་ཚང་བཅས་ཀྱི་འཚོ་བ་སོགས་ཕྱོགས་གང་ཐད་ནས་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱད་པ་ཡིན།རྒྱལ་ཁབ་ཀྱིས་བུད་མེད་ཀྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱས་ཏེ།སྐྱེས་པ་དང་བུད་མེད་ཀྱི་ལས་ཀ་གཅིག་འདྲ་ཡིན་ན་ཐོབ་ཆ་ཡང་གཅིག་འདྲ་ཡིན་པ་ལག་ཏུ་བསྟར་བ་དང༌།བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་བྱེད་པཡིན།དོན་ཚན་ཞེ་དགུགཉེན་སྒྲིག་དང༌།ཁྱིམ་ཚང༌།ཨ་མ།བྱིས་པ་སོགས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པ་ཡིན། ཁྱོ་ཤུག་གཉིས་ཀར་འཆར་ལྡན་ཕྲུག་སྐྱེའི་འོས་འགན་ཡོད།
ཕ་མས་ལོ་ན་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་བྱེད་རྒྱུའི་འོས་འགན་ཡོད་པ་དང༌། ན་སོ་ལོན་པའི་བུ་ཕྲུག་གིས་ཕ་མ་གསོ་བ་དང་ཕ་མར་རོགས་སྐྱོར་བྱེད་པའི་འོས་འགན་ཡོད།
གཉེན་སྒྲིག་རང་དབང་ལ་གཏོར་བཤིག་གཏོང་བ་དང༌།རྒན་རྒོན་དང་བུད་མེད།བྱིས་པ་བཅས་ལ་མནར་གཅོད་བྱེད་པར་བཀག་སྡོམ་བྱེད་དགོས།
དོན་ཚན་ལྔ་བཅུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱིར་སྡོད་རང་མིའི་ལུགས་མཐུན་གྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་དང༌། མེས་རྒྱལ་དུ་ཕྱིར་ལོག་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་གྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་ཡིན།
དོན་ཚན་ང་གཅིགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་དུས་རྒྱལ་ཁབ་དང༌།སྤྱི་ཚོགས།ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག
དོན་ཚན་ང་གཉིས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཅིག་གྱུར་སྲུང་འཛིན་དང་རྒྱལ་ཡོངས་མི་རིགས་སོ་སོ་དང་མཐུན་སྒྲིལ་བྱེད་པའི་འོས་འགན་ཡོད།
དོན་ཚན་ང་གསུམ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང༌།རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང༌།སྤྱི་ནོར་གཅེས་སྤྲས།ངལ་རྩོལ་སྒྲིག་ཁྲིམས་དང་སྤྱིའི་སྒྲིག་ལམ་བརྩི་སྲུང༌།སྤྱི་ཚོགས་སྤྱིའི་སྤྱོད་བཟང་ལ་བརྩི་འཇོག་བཅས་བྱེད་དགོས།
དོན་ཚན་ང་བཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་དང༌། མཚན་སྙན། ཁེ་ཕན་བཅས་སྲུང་འཛིན་བྱེད་པའི་འོས་འགན་ཡོད། མེས་རྒྱལ་གྱི་བདེ་འཇགས་དང༌།མཚན་སྙན།ཁེ་ཕན་བཅས་ལ་གནོད་པ་བཏང་བའི་བྱ་སྤྱོད་ཡོད་མི་ཆོག
དོན་ཚན་ང་ལྔ། མེས་རྒྱལ་སྲུང་སྐྱོབ་བྱེད་པ་དང༌། བཙན་འཛུལ་ལ་འགོག་རྒོལ་བྱེད་རྒྱུ་ནི་ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡོངས་ཀྱི་ལས་འགན་མཆོག་ཏུ་ གྱུར་པ་ཞིག་ཡིན།
བཅའ་ཁྲིམས་ལྟར་དམག་དུ་ཞུགས་པ་དང་ཡུལ་དམག་རྩ་འཛུགས་ནང་ཞུགས་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འོས་འགན་གཟི་བརྗིད་ཅན་ཞིག་ཡིན།
དོན་ཚན་ང་དྲུགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་བཅའ་ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་འོས་འགན་ཡོད།
ལེའུ་གསུམ་པ།  རྒྱལ་ཁབ་སྒྲིག་གཞི།
ས་བཅད་དང་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།
དོན་ཚན་ང་བདུན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་འཐུས་མི་ཚོགས་ཆེན་ནི་ཆེས་མཐོ་བའི་རྒྱལ་ཁབ་གྱི་དབང་ཆ་ལས་ཁུངས་ཡིན།དེའི་རྒྱུན་གནས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན།
དོན་ཚན་ང་བརྒྱད།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་ལག་བསྟར་བྱེད་པ།
དོན་ཚན་ང་དགུརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར།དམིགས་བསལ་སྲིད་འཛིན་ས་ཁུལ་དང་དམག་དཔུང་བཅས་ཀྱིས་བདམ་པའི་འཐུས་མི་ལས་གྲུབ།གྲངས་ཉུང་མི་རིགས་སོ་སོའི་འཐུས་མིའི་ཁ་གྲངས་འོས་འཚམས་ཡོད་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་ནི་རྒྱལ་   ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱེད་རྒྱུ།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་འཐུས་མི་བྱུང་ཐབས་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས།
དོན་ཚན་དྲུག་བཅུ །རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་དུས་ཚད་ནི་སྐབས་རེར་ལོ་ལྔ་ཡིན།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འགན་འཛིན་ཡུན་ཚད་མ་ཐིམ་སྔོན་གྱི་ཟླ་བ་གཉིས་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་རྗེས་མའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱས་ཚར་དུ་འཇུག་དགོས།གལ་སྲིད་འདེམས་བསྐོ་བྱེད་མི་སྲིད་པའི་དམིགས་བསལ་གྱི་གནས་ཚུལ་དང་འཕྲད་ན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གསུམ་ཆ་གཉིས་ཡན་གྱི་མི་མང་ཆེས་བས་གྲོས་འཆམས་བྱུང་ནས་འདེམས་བསྐོ་ཕྱིར་འགྱངས་བྱེད་པ་དང་སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་ཕྱིར་འགྱངས་བྱེད་རྒྱུ།དམིགས་བསལ་གྱི་གནས་ཚུལ་མཇུག་འགྲིལ་རྗེས་ཀྱི་ལོ་གཅིག་གི་ནང་ངེར་པར་དུ་སྐབས་རྗེས་མའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་ཚར་དགོས།
དོན་ཚན་རེ་གཅིགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ལོ་རེར་ཐེངས་གཅིག་ཚོགས་པ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུ་རྒྱུ།གལ་སྲིད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་གལ་ཆེ་བ་དང་ཡང་ན་ལྔ་ཆ་གཅིག་ཡན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་གྲོས་གཞི་འདོན་ན་སྐབས་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་བསྡུ་ཆོགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་ཚོགས་སྐབས་འདེམས་བསྐོ་ཀྲུའུ་ཞིང་ཚོགས་པས་ཚོགས་འདུ་འགོ་འཛིན་བྱས་རྒྱུ།
དོན་ཚན་རེ་གཉིས།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་གྱི་འགན་དབང་ལག་བསྟར་བྱེད་རྒྱུ།
དང་པོ། རྩ་ཁྲིམས་བཟོ་བཅོསབྱེད་པ།
གཉིས་པ། རྩ་ཁྲིམས་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ།
གསུམ་པ།ཉེན་དོན་དང་དམངས་དོན།རྒྱལ་ཁབ་ཀྱི་སྒྲིག་གཞི་དང་རྩ་བའི་བཅའ་ཁྲིམས་གཞན་དག་གཏན་འབེབས་བྱེད་པ་དང་བཟོ་བཅོས་བྱེད་པ།
བཞི་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀུའུ་ཞི་གཞོན་པ་འདེམས་བསྐོ་བྱེད་པ།
ལྔ་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུའུ་ཞིས་མིང་ཐོ་འདོན་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལིའི་འོས་མི་གཏན་ཁེལ་བྱེད་པ་དང༌།རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལིས་མིང་ཐོ་འདོན་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲང༌།ཨུ་ཡོན་གྲོས་ཚོགས་སོ་སོའི་ཀྲུའུ་རིན།རྩིས་བཤེར་འགོ་འཛིན།དྲུང་ཡིག་ཆེན་མོ་སོགས་ཀྱི་འོས་མི་གཏན་ཁེལ་བྱས་པ།
དྲུག་པ། ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམས་བསྐོ་བྱེད་པ་དང༌། ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུང་ཞིས་མིང་ཐོ་འདོན་པ་ལྟར་ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གཏནཁེལ་བྱས་པ།
བདུན་པ། ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་འདེམས་བསྐོ་བྱེད་པ།
བརྒྱད་པ། ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་འདེམས་བསྐོ་བྱེད་པ།
དགུ་པ།རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་འཆར་གཞི་ལག་བསྟར་བྱེད་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱེད་པ་དང་ཆོག་མཆན་གནང་བ།
བཅུ་པ།རྒྱལ་ཁབ་ཀྱི་སྔོན་རྩིས་དང་སྔོན་རྩིས་ལག་བསྟར་བྱེད་ཚུལ་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་གནང་བ།
བཅུ་གཅིགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་འགྲིག་པའི་ཆོད་དོན་བསྒྱུར་བཅོས་བྱེད་པ་དང་ཡང་ན་ཕྱིར་འཐེན་བྱེད་པ།
བཅུ་གཉིས།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་གྱི་སྒྲིག་བཀོད་ལ་ཆོག་མཆན་གནང་བ།
བཅུ་གསུམ། དམིགས་བསལ་སྲིད་འཛིན་ས་ཁོངས་གསར་འཛུགས་དང་དེས་ལམ་ ལུགས་གཏན་འབེབས་བྱེད་པ།
བཅུ་བཞི། ཞི་བདེ་དང་དམག་འཁྲུག་གི་གནད་དོན་གཏན་ལ་འབེབས་པ།
བཅོ་ལྔ།ཆེས་མཐོ་བའི་རྒྱལ་ཁབ་དབང་ཆ་ལས་ཁུངས་ཀྱིས་ལག་བསྟར་བྱེད་དགོས་པའི་འགན་དབང་གཞན་དག
དོན་ཚན་རེ་གསུམ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་གྱི་མི་སྣའི་གོ་གནས་འབེབས་བའི་དབང་ཆ་ཡོད། 
གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཀུའུ་ཞིང་དང་ཀྲུའུ་ཞིང་གཞོན་པ།
གཉིས།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཙུང་ལི་གཞོན་པ།རྒྱལ་སྲིད་ཨུ་ཡོན།པུའུ་སོ་སོའི་པུའུ་ཀྲང༌། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན།  རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ།
གསུམ།ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིང་དང་ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག
བཞི། ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན།
ལྔ། ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན།
དོན་ཚན་རེ་བཞི།རྩ་ཁྲིམས་ཀྱི་བཟོ་བཅོས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཡང་ན་ལྔ་ཆ་གཅིག་ཡན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་གྲོས་གཞི་འདོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡོངས་ཀྱི་གསུམ་ཆ་གཉིས་ཀྱིས་གྲོས་འཆམས་བྱུང་དགོས།       བཅའ་ཁྲིམས་དང་གྲོས་གཞི་གཞན་དག་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཕྱེད་ཀ་ལས་བརྒལ་བའི་འཐུས་མི་་ཀྱིས་གྲོས་འཆམས་བྱུང་དགོས།
དོན་ཚན་རེ་ལྔ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་གཤམ་གྱི་མི་སྣ་ལས་གྲུབ། ཨུ་ཡོན་ཀྲང༌། ཨུ་ཡོན་ཀྲང་གཞོན་པ་འགའ་རེ།དྲུང་ཡིག་ཆེན་མོ།
ཨུ་ཡོན་འགའ་རེ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ནང་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་ཁ་གྲངས་འོས་འཚམས་ཞིག་ཡོད་དགོས།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་་ཡོན་ལྷན་ཁང་གི་ཁོངས་མི་འདེམས་བསྐོ་བྱེད་པ་མ་ཟད་གོ་གནས་འབེབས་པའི་དབང་ཆ་ཡོད།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་  གིས་ཁོངས་མིས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང༌།འདྲི་གཅོད་ལས་ཁུངས།ཞིབ་དཔྱོད་ལས་ཁུངས་སོགས་ཀྱི་ལས་གནས་འཛིན་མི་ཆོགདོན་ཚན་རེ་དྲུགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་དང་མཚུངས།དེས་རིམ་པ་རྗེས་མའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གསར་པ་བདམ་ཐོན་བྱུང་བའི་བར་འགན་དབང་སྤྱོད་དགོས།ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པས་ལས་འགན་བསྟུད་འཛིན་སྐབས་གཉིས་ལས་བརྒལ་མི་ཆོག
དོན་ཚནརེ་བདུན།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུནལས་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་འགནདབང་སྤྱོད་པ།
དང་པོ།རྩ་ཁྲིམས་ལ་འགྲེལ་བཤད་བྱེད་པ་དང་རྩ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པ།
གཉིས་པ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ཕུད་པའི་བཅའ་ཁྲིམས་གཞན་དག་གཏན་འབེབབས་བྱེད་པ་དང་བཟོ་བཅོས་བྱེད་པ།
གསུམ་པ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་འབེབས་པའི་བཅའ་ཁྲིམས་ཁ་གསབ་དང་བཟོ་བཅོས་བྱེད་པ། འོན་ཀྱངབཅའ་ཁྲིམས་དེའི་རྩ་བའི་རྩ་དོན་དང་འགལ་མི་ཆོག
བཞི། བཅའ་ཁྲིམས་འགྲེལ་བཤད་བྱེད་པ།
ལྔ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི།རྒྱལ་ཁབ་ཀྱི་སྔོན་རྩིས་བཅས་ལག་བསྟར་བྱེད་པའི་བྱ་རིམ་ནང་ངེས་པར་ཏུ་ལེགས་སྒྲིག་བྱེད་དགོས་པའི་ཇུས་གཞི་ལ་ཞིབ་བཤེར་བྱེད་པ་དང་ཆོག་མཆན་གནང་བ།
དྲུགརྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང༌།ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་ལྟ་སྐུལ་བྱེད་པ།
བདུན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་དང་བཅའ་ཁྲིམས་དང་རྒྱབ་འགལ་བའི་སྲིད་འཛིན་ཁྲིམས་སྲོལ་དང་ཆོད་དོན། བཀའ་རྒྱ་སོགས་ཕྱིར་འཐེན་བྱེད་པ།
བརྒྱད།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་རྒྱལ་ཁབ་དབང་ཆ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་རྩ་ཁྲིམས་དང་བཅའ་ཁྲིམས།སྲིད་འཛིན་ཁྲིམས་སྲོལ་དང་འགལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་གྲོས་ཆོད་ཕྱིར་འཐེན་བྱེད་པ།
དགུརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལིས་མིང་ཐོ་འདོན་པ་ལྟར་པུའུ་ཀྲང་དང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱི་འོས་མི་གཏན་ཁེལ་བྱས།
བཅུ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་ཀྲུའུ་ཞིང་གིས་མིང་ཐོ་འདོན་པ་ལྟར་ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དགའི་འོས་མི་གཏན་ཁེལ་བྱས།
བཅུ་གཅིག ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གྱིས་རེ་ཞུ་ལྟར་ཆེས་མཐོ་ བའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པ་དང༌།འདྲི་གཅོད་པ།འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམག་དོན་ཁྲིམས་ཁང་གི་འགོ་འཛིན་བསྐོ་འཐེན་བྱེད་པ།
བཅུ་གཉིས།ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་གྱིས་རེ་ཞུ་ལྟར་ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་འགོ་འཛིན་གཞོན་པ་དང༌།ཞིབ་དཔྱོད་པ།ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།དམག་དོན་ཞིབ་དཔྱོད་ཁང་གི་འགོ་འཛིན་བཅས་བསྐོ་འཐེན་བྱེད་པ་དང༌།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་བསྐོ་འཐེན་བྱེད་པ།
བཅུ་གསུམ། དབང་ཆ་ཚང་མ་ཡོད་པའི་ཕྱིར་སྡོད་གཞུང་ཚབ་གྱི་བསྐོ་འཐེན་གཏན་ཁེལ་བྱེད་པ།
བཅུ་བཞི།ཕྱིའི་རྒྱལ་ཁབ་དང་འཇོག་བའི་ཆིངས་ཡིག་དང་གལ་ཆེ་བའི་ཆོད་ཡིག་ལ་ཆོག་མཆན་གནང་བ་དང་མེད་པར་བཟོ་བ།                                               
བཅོ་ལྔ།དམག་མི་དང་ཕྱིར་འབྲེལ་མི་སྣའི་ཐོབ་ཐང་དང་རིམ་པའི་ལམ་ལུགས་དང་ཆེད་དམིགས་ཐོབ་ཐང་དང་རིམ་པའི་ལམ་ལུགས་གཞན་དག་གཏན་ཁེལ་བྱེད་པ།
བཅུ་དྲུགརྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་ཀྱི་མཚན་སྙན་གཏན་འབེབས་བྱེད་པ་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་ཀྱི་མཚན་སྙན་གནང་བ་གཏན་ཁེལ་བྱེད་པ།
བཅུ་བདུན། དམིགས་བསལ་བཙོན་གྲོལ་གཏན་ཁེལ་བྱེད་པ།
བཅོ་བརྒྱད།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་གལ་སྲིད་རྒྱལ་ཁབ་ལ་དྲག་པོའི་བཙན་གནོད་བྱུང་བ་དང་ཡང་ན་ངེས་པར་ཏུ་རྒྱལ་སྤྱིའི་བར་ཐུན་མོང་བཙན་འཛུལ་སྔོན་འགོག་བྱེད་པའི་ཆིངས་ཡིག་ལག་བསྟར་བྱེད་དགོས་པའི་གནས་ཚུལ་བྱུང་ན་དམག་འཁྲུག་གནས་ཚུལ་ཁྱབ་བསྒྲགས་གཏན་ཁེལ་བྱེད་ཆོག
བཅུ་དགུརྒྱལ་ཡོངས་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་པ་དང་ཡང་ན་ཁག་གཅིག་སྐུལ་སློང་བྱེད་པ།
ཉི་ཤུ།རྒྱལ་ཡོངས་དང་ཡང་ན་ཞིང་ཆེན་རེ་འགའ།རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་གནས་ཚུལ་ཛ་དྲག་ཅན་འབྱོར་བ་གཏན་ཁེལ་བྱེད།
ཉེར་གཅིགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གནང་བའི་འགན་དབང་གཞན་དག
དོན་ཚན་རེ་བརྒྱད།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་འགོ་འཛིན་པ་དང༌།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་བ་དང།ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོས་ཨུ་ཡོན་ཀྲང་གི་ལས་དོན་ལ་གཞོགས་འདེགས་བྱེད་པ། ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་ཨུ་ཡོན་ཀྲང་ཚོགས་འདུ་གྲུབ་པ་དང༌། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གལ་ཆེ་བའི་དུས་རྒྱུན་གྱི་གནད་དོན་ཐག་གཅོད་བྱེད་པ།
དོན་ཚན་རེ་དགུརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་བ་དང་ལས་དོན་སྙན་ཞུ་འབུལ་དགོས།
དོན་ཚན་བདུན་ཅུ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མི་རིགས་ཨུ་ཡོན་ལྷན་ཁང་དང༌།བཅའ་ཁྲིམས་ཨུ་ཡོན་ལྷན་ཁང༌།ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང༌།སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ཨུ་ཡོན་ལྷན་ཁང༌། ཕྱི་དོན་ཨུ་ཡོན་ལྷན་ཁང༌། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་དང་བཙུགས་དགོས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོགས་གསར་འཛུགས་བྱེད་པ་དང༌།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་རྗེས་ཀྱི་རིང་ལ་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་དང་ལེན་བྱེད་རྒྱུ།
ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་འོག་འབྲེལ་ཡོད་ཀྱི་གྲོས་ཆོད་ལ་ཞིབ་འཇུག་དང་གྲོས་གཞི། འཆར་འགོད་བཅས་བྱེད་པ།
དོན་ཚན་དོ་གཅིགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་གལ་ཆེ་བའི་དུས་གནད་དོན་ངེས་ཅན་ཞིག་ལ་ཞིབ་བཤེར་བྱེད་པའི་ཨུ་ཡོན་ལྷན་ཁང་འཛུགས་ཆོག་པ་མ་ཟད་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གཞིར་བཟུང་ཏེ་འོས་བབ་ཀྱི་གྲོས་ཐག་ཆོད་དགོས།
ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་དུས་རྒྱལ་ཁབ་ཀྱི་གཞུང་གི་ལས་ཁུངས་དང༌།སྤྱི་ཚོགས་ཚོགས་པ།སྤྱི་དམངས་སོགས་ཀྱིས་དེར་དགོས་ངེས་ཀྱི་རྒྱུ་ཆ་འདོན་པའི་འོས་འགན་ཡོད།
དོན་ཚན་དོ་གཉིས།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་བྱ་རིམ་གཞིར་བཟུང་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་གི་སྒྲུབ་ཁོངས་ནང་གྲོས་གཞི་རེ་རེ་འདོན་པ།
དོན་ཚན་དོ་གསུམ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོག་པའི་རིང༌།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རྒྱུན་ལས་ཚོགས་འདུ་འཚོག་བའི་རིང་ལ་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་བྱ་རིམ་གཞིར་བཟུང་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང༌།ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་སོ་སོ།ཨུ་ཡོན་ལྷན་ཁང་ཁག་བཅས་ལ་འདྲི་རྩད་གྱོད་གཞི་འདོན་པའི་དབང་ཆ་ཡོད།འབྲེལ་ཡོད་ལས་ཁུངས་ཀྱི་ངེས་པར་ཏུ་ལན་འདེབས་བའི་འགན་ཁུར་དགོས།
དོན་ཚན་དོ་བཞིརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་ཀྲུའུ་ཞིང་ཚོགས་པས་ཆོག་མཆན་མེད་པ་དང༌།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་མེད་ན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འཛིན་བཟུང་དང་ཡང་ན་འདྲི་གཅོད་མི་འཁེལ།
དོན་ཚན་དོ་ལྔ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་སྣ་མའི་ཐོག་གཏམ་བཤད་དང་བརྡས་ཐག་གཅོད་པར་བཅའ་ཁྲིམས་ཀྱིས་རྩད་གཅོད་མི་འཁེལ།
དོན་ཚན་དོ་དྲུགརྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ངེས་པར་ཏུ་རྩ་ཁྲིམས་དང་བཅའ་ཁྲིམས་རྩིས་སྲུང་བྱེད་པའི་མིག་དཔེ་ཡིན་པ་དང༌། རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་བྱེད་དགོས་པ་མ་ཟད་རང་ཉིད་ཞུགས་པའི་ཐོན་སྐྱེད་དང༌། ལས་དོན།སྤྱི་ཚོགས་ཀྱི་བྱ་འགུལ་ཁྲོད་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ཐོག་མའི་    འདེམས་མཁན་ལས་ཁུངས་དང༌།མི་དམངས་མང་ཚོགས་བར་འབྲེལ་བ་དམ་པོ་བྱེད་དགོས་པ་དང་མི་དམངས་ཀྱིས་བསམ་འཆར་ཉན་པ་དང་དང་རེ་བ་མཚོན་དགོས།མི་དམངས་ལ་ཞབས་འདེགས་འབད་བརྩོན་ལྷུར་ལེན་བྱེད་དགོས།
དོན་ཚན་དོ་བདུན།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ཐོག་མའི་འདེམས་མཁན་ལས་ཁུངས་ཀྱིས་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང༌།ཐོག་མའི་འདེམས་མཁན་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བའི་བྱ་རིམ་ལྟར་སྡེ་ཚན་རང་གིས་བདམ་པའི་འཐུས་མིའི་གོ་གནས་འབེབས་པའི་དབང་ཆ་ཡོད།
དོན་ཚན་དོ་བརྒྱད།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་དང་ལས་དོན་བྱ་རིམ་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱེད་རྒྱུ། 
ས་བཅད་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང༌།
དོན་ཚན་དོ་དགུཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་དང་ཀྲུའུ་ཞིང་གཞོན་པ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱས།གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ཡོད་པའི་ལོ་ང་བཞིར་སོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་དང་ཀྲུའུ་ཞིང་གཞོན་པར་བདམས་ཆོགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་དང་ཀྲུའུ་ཞིང་གཞོན་པས་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས། ལས་འགན་བསྟུད་འཛིན་སྐབས་གཉིས་ལས་བརྒལ་མི་ཆོག
དོན་ཚན་གྱ་བཅུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཆོད་དོན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལ་གཞིགས་ནས་བཅའ་ཁྲིམས་ཁྱབ་བསྒྲགས་བྱེད་པ་དང༌།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཙུང་ལི་གཞོན་པ།རྒྱལ་སྲིད་ཨུ་ཡོན།པུའུ་སོ་སོའི་པུའུ་ཀྲང༌།ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན།བཤེར་རྩིས་འགོ་འཛིན།དྲུང་ཡིག་ཆེན་མོ་སོགས་བསྐོ་འཐེན་བྱེད་པ་དང༌།རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་ཀྱི་མཚན་སྙན་གནང་བ་དང༌། དམིགས་བསལ་བཙོན་གྲོལ་བའི་བཀའ་ཁྱབ་བསྒྲགས་བྱེད་པ་དང༌། གནས་ཚུལ་ཛ་དྲག་ཅན་དང་དམག་འཁྲུག་གི་གནས་ཚུལ་ཡོངས་བསྒྲགས་བྱེད་པ་དང་སྐུལ་སློང་བྱེད་པའི་བཀའ་ཁྱབ་བསྒྲགས་བྱེད་པ།
དོན་ཚན་གྱ་གཅིགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚབ་བྱེད་དེ་རྒྱལ་དོན་བྱ་འགུལ་སྤེལ་བ་དང༌།ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་མཇལ་འཕྲད་གནང་བ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོད་དོན་གཞིར་བཟུང་ཏེ་ཕྱིར་སྡོད་པའི་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་མངག་གཏོང་དང་ནང་འགུག་བྱེད་པ་དང༌།ཕྱིའི་རྒྱལ་ཁབ་དང་འཇོག་པའི་ཆིངས་ཡིག་དང་གལ་ཆེ་བའི་ཆོད་དོན་ལ་ཆོག་མཆན་གནང་བ་དང་མེད་པ་བཟོ་བ།
དོན་ཚན་བརྒྱ་གཉིས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་གཞོན་པས་ཀྲུའུ་ཞིང་གི་ལས་དོན་ལ་རོགས་རམ་བྱེད་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་གཞོན་པས་ཀྲུའུ་ཞིང་གིས་མངག་བཅོལ་ལྟར་ཀྲུའུ་ཞིང་གི་འགན་དབང་ཆ་ཤས་ལས་ཚབ་འཛིན་བྱེད་ཆོག
དོན་ཚན་གྱ་གསུམ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་དང་ཀྲུའུ་ཞིང་གཞོན་པས་རིམ་པ་རྗེས་མའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་པའི་ཀྲུའུ་ཞིང་དང་ཀྲུའུ་ཞིང་གཞོན་པས་འགན་བཞེས་བའི་བར་འགན་དབང་སྤྱོད་རྒྱུ།
དོན་ཚན་གྱ་བཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་གི་ལས་གནས་སྟོང་པ་ལུས་པའི་སྐབས་སུ་ཀྲུའུ་ཞིང་གཞོན་པས་ལས་འགན་མུ་འཛིན་བྱེད་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་གཞོན་པའི་ལས་གནས་སྟོང་པ་ལུས་པའི་སྐབས་སུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གསབ་གདམ་བྱེད་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིང་དང་ཀྲུའུ་ཞིང་གཞོན་པའི་ལས་གནས་སྟོང་པ་ལུས་པའི་སྐབས་སུ་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གསབ་གདམ་བྱེད་དགོས།གསབ་གདམ་མ་བྱེད་གོང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གིས་ཀྲུའུ་ཞིང་གི་ལས་འགན་གནས་སྐབས་འཛིན་དགོས། 
ས་བཅད་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང༌།
དོན་ཚན་གྱ་ལྔ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏེ་ཀྲུང་དབྱངས་མི་དམངས་སྲིད་གཞུང་ནི་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་དབང་ཆ་ལས་ཁུངས་ཡིན་པ་དང༌།རྒྱལ་ཁབ་ཀྱི་ཆེས་མཐོ་བའི་སྲིད་འཛིན་ལས་ཁུངས་ཡིན།
དོན་ཚན་གྱ་དྲུག རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་གཤམ་གྱི་མི་སྣ་ལས་གྲུབ།
 ཙུང་ལི།
ཙུང་ལི་གཞོན་པ་འགའ་རེ།
རྒྱལ་སྲིད་ཨུ་ཡོན་འགའ་རེ།
པུའུ་སོ་སོའི་པུའུ་ཀྲང༌།
ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན། རྩིས་བཤེར་འགོ་འཛིན།
དྲུང་ཡིག་ཆེན་མོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང༌། པུའུ་སོ་སོ་དང༌།ཨུ་ཡོན་ལྷན་ཁང་སོ་སོས་པུའུ་ཀྲང་དང་ཀྲུའུ་རིན་གྱིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱེད་རྒྱུ།
དོན་ཚན་གྱ་བདུན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས།ཙུང་ལི་དང༌།ཙུང་ལི་གཞོན་པ།རྒྱལ་སྲིད་ཨུ་ཡོན་གྱིས་ལས་འགན་བསྟུད་འཛིན་སྐབས་གཉིས་ལས་བརྒལ་མི་ཆོག
དོན་ཚན་གྱ་བརྒྱད། ཙུང་ལིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་འགོ་འཛིན་བྱེད་པ་དང༌།  ཙུང་ལི་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན་གྱིས་ཙུང་ལིའི་ལས་དོན་ལ་རོགས་རམ་བྱེད་དགོས།
ཙུང་ལི་དང་ཙུང་ལི་གཞོན་པ།རྒྱལ་སྲིད་ཨུ་ཡོན།དྲུང་ཡིག་ཆེན་མོ་བཅས་ཀྱིས་རྒྱལ་སྲིད་རྒྱུན་ལས་གྲོས་ཚོགས་གྲུབ་པ།ཙུང་ལི་ཡིས་རྒྱལ་སྲིད་རྒྱུན་ལས་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་སྡུད་པ་དང་འགོ་འཛིན་བྱེད་པ།
དོན་ཚན་གྱ་དགུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཤམ་གྱི་འགན་དབང་སྤྱོད་པ།
གཅིགརྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་སྲིད་འཛིན་བྱེད་ཐབས་དང་སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་བྱེད་པ་དང༌།  ཆོད་དོན་དང་བཀག་རྒྱ་ཁྲོམ་བསྒྲགས་བྱེད་པ།
གཉིས།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཡང་ན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འདོན་པ།
གསུམ།པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་ཁག་གི་ལས་འགན་དང་འགན་དབང་གཏན་ཁེལ་བྱེད་པ་དང་པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་ཁག་གི་ལས་དོན་ལ་གཅིག་གྱུར་སྒོར་འགོ་ཁྲིད་བྱེད་པ་མ་ཟད་པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་ལ་མི་གཏོགས་པའི་རྒྱལ་ཡོངས་རང་བཞིན་ཅན་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པ།
བཞི།གཅིག་གྱུར་སྒོ་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་ཁག་གི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པ་དང༌།ཀྲུང་དབྱངས་དང་ཞིང་ཆེན།རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་གི་འགན་དབང་ཞིབ་ཕྲ་དབྱེ་འབྱེད་བྱེད་པ།
ལྔ།རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་རྒྱལ་ཁབ་ཀྱི་སྔོན་རྩིས་བཟོ་འགོད་དང་ལག་བསྟར་བྱེད་པ།
དྲུག  དཔལ་འབྱོར་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་  འགོ་ཁྲིད་དང་དོ་དམ་བྱེད་པ།
བདུན།སློབ་གསོ་དང་ཚན་རིགརིག་གནས།འཕྲོད་བསྟེན།ལུས་རྩལ།འཆར་ལྡན་ཕྲུག་སྐྱེས་བཅས་ཀྱི་ལས་དོན་ལ་འགོ་ཁྲིད་དང་དོ་དམ་བྱེད་པ།
བརྒྱད།དམངས་སྲིད་དང༌།སྤྱི་བདེ།སྲིད་ཁྲིམས་སྲིད་འཛིན་ལས་དོན།ཞིབ་བཤེར་ལས་དོན་བཅས་ལ་འགོ་ཁྲིད་དང་དོ་དམ་བྱེད་པ།
དགུ།ཕྱི་ཕྱོགས་ལས་དོན་ལ་དོ་དམ་བྱེད་པ་དང་ཕྱིའི་རྒྱལ་ཁབ་དང་ཆིངས་ཡིག་དང་ཆོད་ཡིག་འཇོག་པ།
བཅུ། རྒྱལ་སྲུང་འཛུགས་སྐྲུན་བྱ་བཞག་ལ་འགོ་ཁྲིད་དང་དོ་དམ་བྱེད་པ།
བཅུ་གཅིགམི་རིགས་ལས་དོན་ལ་འགོ་ཁྲིད་དང་དོ་དམ་བྱེད་པ་དང༌།གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་རང་དབང་དང༌།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆར་འགན་སྲུང་བྱེད་དགོས།
བཅུ་གཉིས།ཕྱིར་སྡོད་རང་མི་ཀྱི་ཚུལ་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་ནང་ལོགས་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་བྱེད་དགོས།
བཅུ་གསུམ།པུའུ་སོ་སོ་དང་ཨུ་ཡོན་ལྷན་ཁང་ཁག་གིས་ཁྱབ་བསྒྲགས་བྱས་པའི་མི་འཚམས་པའི་བཀའ་རྒྱ་དང༌། སྒྲིག་སྲོལ། མཛུབ་སྟོན་བཅས་བསྒྱུར་བཅོས་ དང་ཕྱིར་འཐེན་བྱེད་པ།
བཅུ་བཞི།ས་གནས་རིམ་པ་ཁག་གི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་གིས་མི་འཚམས་པའི་ཆོད་དོན་དང་བཀག་རྒྱ་བསྒྱུར་བཅོས་དང་ཕྱིར་འཐེན་བྱེད་པ།
བཅོ་ལྔ།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་ས་ཁུལ་དབྱེ་འབྱེད་བྱེད་སྟངས་ལ་ཆོག་མཆན་གནང་བ་དང་རང་སྐྱོང་ཁུལ་དང༌།རྫོང༌།རང་སྐྱོང་རྫོང༌།གྲོང་ཁྱེར་བཅས་ཀྱི་སྒྲིག་བཀོད་དང་ས་ཁུལ་དབྱེ་འབྱེད་ལ་ཆོག་མཆན་གནང་བ།
བཅུ་དྲུགབཅའ་ཁྲིམས་ཀྱིས་གཏན་ཁེལ་ལྟར་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཁྱབ་ཁོངས་ནང་གི་ས་ཁུལ་འགའ་གནས་ཚུལ་ཛ་དྲག་ཅན་ཡིན་པ་གཏན་ཁེལ་བྱེད་པ།
བཅུ་བདུན། སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་གཞི་ལ་ཞིབ་བཤེར་གཏན་འབེབས་བྱེད་པ་དང༌།  བཅའ་ཁྲིམས་ཀྱིས་གཏན་ཁེལ་ལྟར་སྲིད་འཛིན་མི་སྣ་བསྐོ་འཐེན་དང་གསོ་སྐྱོང་སྦྱོང་བརྡར། གཟིགས་བཟོས་ཉེས་འགེལ་སོགས་བྱེད་པ།
བཅོ་བརྒྱད།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནང་བའི་འགན་དབང་གཞན་དག
དོན་ཚན་དགུ་བཅུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་སོ་སོའི་པུའུ་ཀྲང་དང༌།ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན་གྱིས་རང་ཉིད་སྡེ་ཚན་གྱི་ལས་འགན་འཁུར་བ་དང༌།པུའི་ལས་དོན་ཚོགས་འདུ་དང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྡུད་བ་དང་འགོ་ཁྲིད་བྱེད་ནས་སྡེ་ཁག་རང་གི་གནད་དོན་ལ་གྲོས་མོལ་བྱེད་དེ་གཏན་འབེབས་བྱེད་པ།པུའུ་སོ་སོ་དང༌།ཨུ་ཡོན་ལྷན་ཁང་ཁག་གིས་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་དང༌།ཆོད་དོན།བཀག་རྒྱསོགས་གཞིར་བཟུང་ནས་སྡེ་ཁག་རང་གི་དབང་ཚད་ནང་བཀའ་རྒྱ་དང་མཛུབ་སྟོན།སྒྲིག་སྲོལ་སོགས་སྤྱི་བསྒྲགས་བྱེད་པ།
དོན་ཚན་གོ་གཅིགརྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩིས་བཤེར་ལས་ཁུངས་འཛུགས་པ་དང༌།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་་སོ་སོ་དང་ས་གནས་རིམ་པ་ཁག་གི་སྲིད་གཞུང་གི་ནོར་སྲིད་ཡོང་འབབ།རྒྱལ་ཁབ་གྱི་ནོར་སྲིད་དངུལ་ལོ་ལས་ཁུངས་དང་ཁེ་ལས་ལས་དོན་རྩ་འཛུགས་གྱི་ནོར་སྲིད་ཡོང་འབབ་བཅས་ལ་རྩིས་བཤེར་དང་ལྟ་སྐུལ་བྱེད་པ།རྩིས་བཤེར་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགོ་ཁྲིད་འོག་བཅའ་ཁྲིམས་ཀྱིས་གཏན་ཁེལ་ལྟར་རང་ཚུགས་སྒོ་རྩིས་བཤེར་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པར་སྲིད་འཛིན་ལས་ཁུངས་གཞན་དག་དང་སྤྱི་ཚོགས་ཚོགས་པ། མི་སྒེར་སོགས་ཀྱིས་ཐེ་གཏོགས་མི་འཁེལ།   
དོན་ཚན་གོ་གཉིས།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་དགོས་པ་མ་ཟད་ལས་དོན་གྱི་སྙན་ཞུ་འབུལ་དགོས།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་བའི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་དགོས་པ་དང་ལས་དོན་གྱི་སྙན་ཞུ་བྱེད་དགོས།
ས་བཅད་བཞི་པ། ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང༌།
དོན་ཚན་གོ་གསུམ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་དྲག་ཆས་སྟོབས་ཤུགས་འགོ་ཁྲིད་བྱས་པ།
ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་ནི་གཤམ་གྱི་མི་སྣ་ལས་གྲུབ།
ཀྲུའུ་ཞིང༌།
ཀྲུའུ་ཞིང་གཞོན་པ་འགའ་རེ།
ཨུ་ཡོན་འགལ་ཞིག།
ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀུའུ་ཞིང་གིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ།ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས་པ།
དོན་ཚན་གོ་བཞི།ཀྲུང་དབྱངས་དམག་དོན་ཨུ་ཡོན་ཁང་གི་ཀྲུའུ་ཞིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ལ་འགན་ཁུར་དགོས།
ས་བཅད་ལྔ་པ། ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་ གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང༌།
དོན་ཚན་གོ་ལྔ།ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར།རྫོང༌།གྲོང་ཁྱེར།གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།ཤང་དང་མི་རིགས་ཤང༌།གྲོང་རྡལ་སོགས་སུ་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་བཙུགས་རྒྱུ།ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པ།རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ།རང་སྐྱོང་རྫོང་སོགས་སུ་རང་སྐྱོང་ལས་ཁུངས་བཙུགས་པ་དང༌།རང་སྐྱོང་ལས་ཁུངས་ཀྱི་རྩ་འཛུགས་དང་ལས་དོན་ནི་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ས་བཅད་ལྔ་པ་དང་ས་བཅད་དྲུག་པས་གཏན་ཁེལ་བྱས་པའི་རྩ་བའི་རྩ་དོན་ལ་གཞིར་བཟུང་ནས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱེད་རྒྱུ།
དོན་ཚན་གོ་དྲུགས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་ནི་ས་གནས་ཀྱི་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ལས་ཁུངས་ཡིན།རྫོང་ཡན་གྱི་ས་གནས་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱུན་གནས་ཨུ་ཡོན་ལྷན་ཚོགས་འཛུགས་རྒྱུ།
དོན་ཚན་གོ་བདུན།ཞིང་ཆེན་དང་ཐད་རྟོགས་གྲོང་ཁྱེར།ཆུས་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་རིམ་པ་འོག་མའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱེད་པ། རྫོང་དང་ཆུས་འཛུགས་མེད་པ་གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་སྐྱོང་ཆུས༌། ཞང་དང་མི་རིགས་ཤང༌།གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་བདམ་མིས་ཐད་ཀ་འདེམས་བསྐོ་བྱས༌།ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་འཐུས་མི་བྱུང་ཐབས་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས།
དོན་ཚན་གོ་བརྒྱད།ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་ལོ་ལྔ་ཡིན།
དོན་ཚན་གོ་དགུས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ཉིད་སྲིད་འཛིན་ས་ཁུལ་ནང་རྩ་ཁྲིམས་དང་བཅའ་ཁྲིམས།སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ་དང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པ་དང༌།བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དབང་ཚད་ནང་ཆོད་གཞི་གྲོས་འཆམས་དང་སྤྱི་བསྒྲགས་བྱེད་པར་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན།སྤྱིའི་ལས་དོན་གྱི་འཛུགས་སྐྲུན་གྱི་འཆར་གཞིར་ཞིབ་བཤེར་དང་གཏན་ཁེལ་བྱེད་རྒྱུ།རྫོང་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ཉིད་ཀྱི་སྲིད་འཛིན་ས་ཁུལ་ནང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར།སྔོན་རྩིས་དང་དེ་ཚོའི་ལག་བསྟར་བྱེད་ཚུལ་སོགས་ཀྱི་སྙན་ཞུར་ཞིབ་བཤེར་བྱེད་པ་དང་ཆོག་མཆན་གནང་བ།རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་འོས་མིན་གྱི་གཏན་ཁེལ་བསྒྱུར་བཅོས་བྱེད་པ་དང་ཡང་ན་ཕྱིར་འཐེན་བྱེད་པའི་ཁེ་དབང་ཡོད།
མི་རིགས་ཤང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དབང་ཚད་ལྟར་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་བྱེད་ཐབས་ཞིབ་ཕྲ་ལག་བསྟར་བྱེད་ཆོག
དོན་ཚན་བརྒྱ།ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས།སྲིད་འཛིན་ཁྲིམས་སྲོལ་དང་བརྒྱ་འགལ་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་སྟེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ལ་སྙན་ཞུ་བྱས་ཏེ་ཐོ་འགོད་བྱེད་རྒྱུ།
དོན་ཚན་བརྒྱ་དང་གཅིགས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁག་བགོས་ནས་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་ཧྲན་ཀྲང་དང་ཧྲན་ཀྲང་གཞོན་པ། ཧྲི་ཀྲང༌།ཧྲི་ཀྲང་གཞོན་པ།རྫོང་དཔོན་དང་རྫོང་དཔོན་གཞོན་པ།ཆུས་ཀྲང་དང་ཆུས་ཀྲང་གཞོན་པ།ཞང་ཀྲང་དང་ཞང་ཀྲང་གཞོན་པ།གྲོང་རྡལ་གྱི་འགོ་འཛིན་དང་འགོ་འཛིན་གཞོན་པ་བཅས་འདེམས་བསྐོ་བྱེད་པ་མ་ཟད་གོ་གནས་འབེབས་པའི་དབང་ཆ་ཡོད།རྫོང་ཡན་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རིམ་པ་གཅིག་པའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དང་རིམ་པ་གཅིག་པའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་འདེམས་བསྐོ་བྱེད་པ་དང་གོ་གནས་འབེབས་པའི་དབང་ཆ་ཡོད།མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་འདེམས་བསྐོ་བྱེད་པ་དང་ཡང་ན་གོ་གནས་འབེབས་པའི་སྐབས་རིམ་པ་གོང་མའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་ལ་སྙན་ཞུ་བྱས་ཏེ་རིམ་པ་དེའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ལ་ཆོག་མཆན་གནང་བའི་སྙན་ཞུ་བྱེད་རྒྱུ།
དོན་ཚན་བརྒྱ་དང་གཉིས།ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར།ཆུས་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་ཐོག་མར་འདེམས་བསྐོ་བྱས་པའི་སྡེ་ཁག་གིས་ལྟ་སྐུལ་དང་ལེན་བྱེད་དགོས།ཆུས་བཙུགས་མེད་པའི་གྲོང་ཁྱེར་དང༌།གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།ཞང་དང་མི་རིགས་ཞང༌།གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་འདེམས་དམངས་ཀྱིས་ལྟ་སྐུལ་དང་ལེན་བྱེད་དགོས།ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱས་པའི་སྡེ་ཚན་དང་འདེམས་དམངས་ལ་བཅའ་ཁྲིམས་ཀྱི་བྱ་རིམ་བཞིན་ཁོ་བོས་གདམ་པའི་འཐུས་མིའི་གོ་གནས་འབེབས་པའི་དབང་ཆ་ཡོད།
དོན་ཚན་བརྒྱ་དང་གསུམ།རྫོང་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ནི་ཀྲུའུ་རིན་དང་ཀྲུའུ་རིནགཞོན་པ་འགའ་རེ་དང་ཨུ་ཡོན་འགའ་རེས་ལས་གྲུབ་པ་དང་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་བ་མ་ཟད་དེར་ལས་དོན་གྱི་སྙན་ཞུ་གནང་བ།རྫོང་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཁོངས་མི་འདེབས་བསྐོ་བྱེད་པ་དང་གོ་གནས་འབེབས་པའི་དབང་ཆ་ཡོད།རྫོང་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་རྣམས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་འགན་འཛིན་མི་ཆོག
དོན་ཚན་བརྒྱ་དང་བཞི།རྫོང་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་སྲིད་འཛིན་མངའ་ཁོངས་ནང་གི་ཕྱོགས་སོ་སོའི་ལས་དོན་གྱི་དོན་ཆེན་ལ་གྲོས་མོལ་དང་གཏན་ཁེལ་བྱས་པ་དང༌།རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་དང་མི་དམངས་ཁྲིམས་ཁང༌། མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་ལྟ་སྐུལ་བྱེད་པ། རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་འོས་མིན་གྱི་བཀའ་དང་གཏན་འབེབས་ཕྱིར་འཐེན་བྱེད་པ།རིམ་པ་འོག་མའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འོས་མིན་གཏན་ཁེལ་ཕྱིར་འཐེན་བྱས་པ། བཅའ་ཁྲིམས་ཀྱིས་གཏན་ཁེལ་དབང་ཚད་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་གི་ ལས་བྱེད་པ་བསྐོ་འཐེན་གཏན་ཁེལ་བྱས་པ།རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་བའི་རིང་ལ་རིམ་པ་གོང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འགའ་རེའི་གོ་གནས་འབེབས་པ་དང་གསབ་བདམས་བྱེད་པ།
དོན་ཚན་བརྒྱ་དང་ལྔ།ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ནི་ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་དབང་ཆ་ལས་ཁུངས་གིས་ལག་བསྟར་ལས་ཁུངས་ཡིན་པ་དང་ས་གནས་རིམ་པའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཡིན།ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་དང་ཧྲི་ཀྲང༌།རྫོང་དཔོན།ཆུས་ཀྲང༌།ཞང་ཀྲང༌།གྲོང་རྡལ་གྱི་འགོ་འཛིན་སོགས་ཀྱིས་འགན་ཁུར་ལམ་ལུགས་ལག་བསྟར་བྱས།
དོན་ཚན་བརྒྱ་དང་དྲུགས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དང་མཚུངས།
དོན་ཚན་བརྒྱ་དང་བདུན།རྫོང་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བའི་དབང་ཚད་གཞིར་བཟུང་ཏེ་སྲིད་འཛིན་ས་ཁུལ་ནང་གི་དཔལ་འབྱོར་དང་སློབ་གསོ།ཚན་རིགརིག་གནས།འཕྲོད་བསྟེན།ལུས་རྩལ་བྱ་བཞགགྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་བཞག ནོར་སྲིད། དམངས་སྲིད། སྤྱི་བདེ། མི་རིགས་ལས་དོན། ཁྲིམས་འཛིན་སྲིད་འཛིན།ཞིབ་བཤེར།འཆར་ལྡན་ཕྲུག་སྐྱེས་སོགས་སྲིད་འཛིན་ལས་དོན་ལ་དོ་དམ་བྱེད་པ་དང༌།བཀའ་རྒྱ་དང་ཆོད་དོན་ཁྱབ་བསྒྲགས་བྱེད་པ། སྲིད་འཛིན་ལས་བྱེད་པར་བསྐོ་   འཐེན་དང་གསོ་སྐྱོང་སྦྱོང་བརྡར༌། དཔྱད་ཞིབ། གཟིགས་བཟོས་ཉེས་འགེལ་བཅས་བྱེད་པ། 
ཞང་དང་མི་རིགས་ཞང༌།གྲོང་རྡལ་སོགས་ཀྱི་མི་དམངས་སྲིད་གཞུང་གི་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོད་གཞི་དང་རིམ་པ་གོང་གི་སྲིད་འཛིན་ལས་ཁུངས་ཀྱི་ཆོད་དོན་དང་བཀའ་རྒྱ་ལག་བསྟར་བྱེད་པ།སྲིད་འཛིན་ཁུལ་ནང་གི་སྲིད་འཛིན་ལས་དོན་ལ་དོ་དམ་བྱེད་པ།ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་ཤང་དང་མི་རིགས་ཤང༌། གྲོང་རྡལ་གྱི་སྒྲིག་བཀོད་དང་ཁྱབ་ཁོངས་དབྱེ་ཚུལ་གཏན་ཁེལ་བྱེད་པ།
དོན་ཚན་བརྒྱ་དང་བརྒྱད།རྫོང་རིམ་པ་ཡན་གྱི་ས་གནས་ཁག་གི་མི་དམངས་སྲིད་གཞུང་གིས་ཁོངས་གཏོགས་པའི་ལས་དོན་སྡེ་ཁག་དང་རིམ་པ་འོག་མའི་མི་དམངས་སྲིད་གཞུང་གི་ལས་དོན་ལ་འགོ་ཁྲིད་བྱེད་པ་དང༌།ཁོངས་གཏོགས་ལས་དོན་སྡེ་ཁག་སོགས་དང་རིམ་པ་འོག་མའི་མི་དམངས་སྲིད་གཞུང་གི་འོས་མིན་གྱི་གཏན་ཁེལ་བསྒྱུར་བཅོས་བྱེད་པ་དང་ཡང་ན་ཕྱིར་འཐེན་བྱེད་ཆོག
དོན་ཚན་བརྒྱ་དང་དགུརྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རྩིས་བཤེར་ལས་ཁུངས་འཛུགས་པ་དང༌།ས་གནས་རིམ་པ་ཁག་གི་རྩིས་བཤེར་ལས་ཁུངས་གི་བཅའ་ཁྲིམས་ལ་གཞིགས་ནས་རང་ཚུགས་གྱི་རྩིས་བཤེར་ལྟ་སྐུལ་གྱི་དབང་ཆ་ལག་བསྟར་བྱེད་པ་དང་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་དང་རིམ་པ་གོང་གི་རྩིས་བཤེར་ལས་ཁུངས་ལ་འགན་ཁུར་དགོས།
དོན་ཚན་བརྒྱ་དང་བཅུ།ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་བ་དང་ལས་དོན་གྱི་སྙན་ཞུ་བྱེད་དགོས། རྫོང་ཡན་གྱི་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་རྗེས་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་དགོས་པ་དང་ལས་དོན་གྱི་སྙན་ཞུ་བྱེད་དགོས།ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་འགན་ཁུར་དགོས་པ་དང་མ་ཟད་ལས་དོན་སྙན་ཞུ་བྱེད་དགོས། རྒྱལ་ཡོངས་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ཚང་མ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཅིག་གྱུར་གྱི་འགོ་ཁྲིད་འོག་གི་སྲིད་འཛིན་ལས་ཁུངས་ཡིན་པ་དང་ཚང་མ་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དང་ལེན་བྱེད་རྒྱུ།
དོན་ཚན་བརྒྱ་དང་བཅུ་གཅིགགྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་སྡོད་ཡུལ་གཞིར་བཟུང་ཏེ་བཙུགས་པའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡང་ན་གྲོང་གསེབ་ཨུ་ཡོན་ལྷན་ཁང་ནི་གཞི་རིམ་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཡིན། གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང༌།ཀྲུའུ་རིན་གཞོན་པ།ཨུ་ཡོན་སོགས་ནི་གྲོང་མིས་་འདེམས་བསྐོ་བྱེད་པ་དང༌།གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གཉིས་དང་གཞི་རིམ་སྲིད་དབང་བར་གྱི་འབྲེལ་བ་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱེད།གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གིས་མི་དམངས་བར་འདུམ་འགྲིག་དང་བདེ་འཇགས་སྲུང་སྐྱོང༌།སྤྱིའི་འཕྲོད་བསྟེན་སོགས་ཀྱི་ཨུ་ཡོན་ལྷན་ཁང་འཛུགས་པ་དང༌།སྡོད་གནས་དེའི་སྤྱིའི་ལས་དོན་དང་སྤྱི་ཕན་གྱི་ལས་དོན་སྒྲུབ་པ།དམངས་ཁྲོད་ཀྱི་རྩོད་གཞི་བར་འདུམ་བྱེད་པ་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་གཞོགས་འདེགས་བྱེད་པ་མ་ཟད་མི་དམངས་སྲིད་གཞུང་ལ་མང་ཚོགས་ཀྱི་བསམ་འཆར་དང་རེ་ཞུ་ཡར་ཞུ་བ་དང་བསམ་འཆར་འདོན་པ།

No comments: