ལོ་རྒྱུས་

བོད་སོག་རང་བཙན་གྱི་ཆིངས་ཡིག་ལ་ཕྱི་ལྟས་བྱས་པ།

སྤྱི་ལོ་༡༩༡༣་ཆུ་བྱི་བོད་ཟླ་༡༢་ཚེས་༤་འཁོད་(སྤྱི་ཟླ་༡་ཚེས་༥)བོད་སོག་གཉིས་རང་བཙན་བྱེད་རྒྱུའི་ཆིངས་ཡིག་ཅིག་སོག་པོའི་རྒྱལ་ས་ཨུར་རྒ(ཨུ་ལན་བྷ་ཋར)ནང༌བཞག་ཡོད་པ་དང༌། དེ་ནི་བོད་དང་དབྱིན་ཇི་བར་སིམ་ལའི་ཆིངས་ཡིག་མ་བཞག་གོང་གི་སྔོན་ཙམ་དེར་བཞག་པ་ཞིག་རེད། ཁ་སང་ཚེས་༡༣་ནས་༡༤་བར་ཉིན་གཉིས་རིང་ཆིངས་ཡིག་དེའི་སྐོར་སོག་ཡུལ་ན“རྒྱལ་སྤྱི་མཁས་པའི་བགྲོ་གླེང་”ཞིག་(འབའ་པ་སྐལ་བཟང་རྒྱལ་མཚན་གྱི་ཟིན་བྲིས་ནང་འཁོད་ཚོགས་འདུའི་མིང་ལྟར་བྲིས)ཚོགས་ཡོད་པ་དང༌།  བགྲོ་གླེང་དེར་ཨ་རི་དང་ཡོ་རོབ་སོགས་འཛམ་གླིང་རྒྱལ་ཁབ་ཁག་བརྒྱད་ནས་མཁས་པ་སུམ་ཅུ་ཙམ་མཉམ་ཞུགས་གནང་ཡོད་ཅིང༌། རྒྱ་གར་ནས་བོད་ཀྱི་ལོ་རྒྱུས་མཁས་པ་ཨ་མྱེས་རྨ་ཆེན་གྱི་བཀྲིས་ཚེ་རིང་དང༌། ཝ་ན་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་བྱམས་པ་བསམ་གཏན། བོད་མི་མང་སྤྱི་འཐུས་དང་རྒྱ་ནག་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ལོ་ཙཱ་བ་ཆུང་ཚེ་རིང་། ས་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལྔ་དང༌། ཁེ་ན་ཌ་ནས་ཝན་ཀོ་ཝར་གཙུག་ལག་སློབ་དཔོན་ཚེ་རིང་ཤཀྱ་ལགས་བཅས་བོད་མི་དྲུག་ཆེད་ཕེབས་གནང་ཡོད་པ་རེད།
བོད་སོག་གཉིས་ཀྱི་ཆིངས་ཡིག་དེའི་ནང་“རང་རེ་བོད་སོག་གཉིས་མཉྗུའི་རྒྱལ་ཁབ་ཀྱི་མངའ་འོག་ནས་ཐོན། རྒྱ་ནག་པོ་དང་བྲལ་ཏེ་བོད་སོག་སོ་སོ་རྒྱལ་ཁབ་རང་བཙན་པ་བགྱིས། སྔར་དུས་ནས་ད་བར་བོད་སོག་གཉིས་བསྟན་པ་ལར་རྒྱ་གཅིག་པས་ཉེ་འབྲེལ་ཆེ་སྟབས། ད་དུང་ཤིན་ཏུ་བརྟན་ཐབས་སུ་ཆིངས་ཡིག་བཞག་དོན་”ཞེས་པ་ནས་འགོ་བཙུགས་ཏེ། བོད་སོག་གཉིས་ཕན་ཚུན་མཛའ་འབྲེལ་དང་རོགས་རམ། ཚོང་འབྲེལ་སོགས་དོན་ཚན་མང་པོ ཞིག་འཁོད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། ཆིངས་ཡིག་དེ་ནི་སྐབས་དེར་བོད་རང་བཙན་ཡིན་པའི་དཔང་རྟགས་ཤིག་ཏུ་བརྩི་བཞིན་ཡོད་པ་དང༌། ད་རེས་ཀྱི་ཚོགས་འདུའི་ཐོག་ལ་ཡང༌། ཚོགས་ཞུགས་མི་སྣ་བརྒྱ་ཆ་༩༩་ཡིས། ཆིངས་ཡིག་དེ་ཁྲིམས་མཐུན་ཡིན་པ་དང༌། ནང་དོན་རྣམས་བོད་སོག་མི་མང་གི་མངོན་འདོད་ངོ་མ་ཡིན་པར་ངོས་འཛིན་གཅིག་གྱུར་བྱུང་ཡོད་འདུག

བོད་སོག་ཆིངས་ཡིག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཉིན་དང་པོའི་སྐོར་ཆུང་ཚེ་རིང་གི་twitter ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བཤུས་པ་ཞིག
དེ་རིང་བོད་སོག་ཆིངས་ཡིག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་ཚོཌ་འདུའི་གོ་སྒྲིག་པས་ཕེབས་བསུའི་གསུང་བཤད་གནང་རྗེས། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་ཕྱི་རྒྱལ་མཁས་པ་དང་བྱེ་བྲག་བོད་ཀྱི་མཁས་པའི་ཚབ་གནང་སྟེ་གསུང་བཤད་གནང་།
དེ་རྗེས་ཚོཌ་འདུ་དངོས་གཞིའི་ནང་སོག་རིཌ་མཁས་དབང་ J. Bor གྱིས་བོད་སོག་ཆིངས་ཡིག་གི་ལོ་རྒྱུས་རང་བཞིན་གྱི་གལ་འགངས་སྐོར་དང་། ཕྲན་གྱིས་ཆིངས་ཡིག་གི་རྒྱབ་ལྗོངས་སུ་རྡོ་རྗེ་ཡིབ་དང་༸གོང་ས་བཅུ་གསུམ་པ་ཆེན་པོ་ཕག་རིར་གསང་བའི་མཇལ་མོལ་གནང་བའི་སྔོན་རྗེས། མཁས་དབང་ Sperling གྱིས་ཆིངས་ཡིག་འདི་རྒྱལ་སྤྱིའི་ནང་ཁྱབ་འགྲེམས་བྱུང་སྟངས། མཁས་དབང་བྱམས་པ་བསམ་གཏན་གྱིས། ཆིངས་ཡིག་འདི་ཁྲིམས་མཐུན་ཡིན་སྟངས། མཁས་དབང་ཚེ་རིང་ཤཀྱ་ལཌ་ཀྱིས། དུས་རབས་ཉི་ཤུ་པའི་ནང་བོད་སོག་གཉིས་ཀྱིས་རྒྱལ་ཁབ་བསྐྱར་གསོའི་ལས་འགུལ་སྤེལ་སྟངས་གཤིབས་བསྡུར། མཁས་དབང་ Van Praag གྱིས་བོད་སོག་ཆིངས་ཡིག་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བརྟག་ཞིབ། མཁས་དབང་Sergius ཡིས་བོད་སོག་ཆིངས་ཡིག་འདི་རྒྱལ་སྤྱིའི་ཐོག་ཁྲིམས་ནུས་ཡོད་པའི་ཡིག་ཆ་ཡིན་སྟངས། རྒྱ་རིཌ་ལིན་ཨན་ཤོང་གིས། བོད་སོག་ཆིངས་ཡིག་དང་འབྲེལ་བའི་གནད་དོན་ཁ་ཤས། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས། བོད་སོག་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་བོད་སོག་ཆིངས་ཡིག Susan Meinheit གྱིས་རི་བོ་རྩེ་ལྔར་༸གོང་ས་བཅུ་གསུམ་པ་མཆོག་དང་ཨ་རིའི་གཞུང་དོན་མི་སྣ་རོག་ཧིལ་ཐོག་མར་མཇལ་འཕྲད་གནང་བའི་སྐོར། Barkmann གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བོད་སོག་ཆིངས་ཡིག་གི་སྐོར། རུ་སུ་བ་ Nikolay Tsyrempilov གྱིས་བོད་སོག་ཆིངས་ཡིག་གི་ཟིན་བྲིས་དང་ཡིག་ཟིན་ཁག་གི་སྐོར། མཁས་དབང་Bayasakh.J ཡིས་རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་དུ་བོད་སོག་ཆིངས་ཡིག་གི་གལ་གནད་བཅས་སྐོར་རང་རང་གི་རྩོམ་ཤོག་སྒྲོག་སྦྱང་དང་དྲི་བར་ལན་འདེབས། བསམ་འཆར་འདོན་པ་སོགས་ཧ་ཅང་ཡག་པོ་བྱུང་།
ཚོཌ་ཞུཌ་པ་བརྒྱ་ཆ་ ༩༩ ཡིས་ཆིངས་ཡིག་འདི་ཁྲིམས་མཐུན་ཡིན་པ་དང་བོད་སོག་གཉིས་ཀྱི་མངོན་འདོད་ངོ་མ་མཚོན་པར་དགོངས་མཐུན་བྱུང་། ལྷག་པར་རྡོ་རྗེ་ཡིབ་ལ་ཆིངས་ཡིག་བཞག་ཆོག་པའི་དབང་ཆ་༸གོང་ས་མཆོག་གིས་གནང་བའི་དཔང་རྟགས་གསར་པ་དང་། བོད་སོག་ཆིངས་ཡིག་གི་མ་ཕྱི་ངོ་མ། བོད་སོག་ཆིངས་ཡིག་གི་ཟིན་བྲིས་བཅས་དེ་སྔོན་མཐོང་དཀོན་པ་དང་རྩ་བ་ནས་མཐོང་མ་མཐོང་བའི་འབྲེལ་ཡོད་ཡིག་ཆ་དངོས་སུ་མིག་མཐོང་བྱུང་། ཚོཌ་འདུ་དངོས་གནས་དོན་སྙིང་ལྡན་པ་ཞིག་ཆགས་བཞིན་འདུག དགོང་མོ་བོད་པའི་ཚོཌ་ཞུགས་པ་རྣམས་དང་གྲོཌ་པོ་ཕྱི་རྒྱལ་བ་རྣམས་མཉམ་དུ་དགོང་ཟས་ལ་རོལ། ནང་མོལ་ཧ་ཅང་ལྷུག་པོ་བྱུང་། ད་དཀའ་ལས་ཁག་འདུག ཉལ་གྱི་ཡིན། ཚོགས་འདུ་འདིའི་སྐོར། བགྲོ་གླེང་ཚོཌ་འདུ་ཚར་རྗེས། གསར་འགྱུར་བརྒྱུད་ལམ་དུགནས་ཚུལ་སྤེལ་ན་ཡག་པ་མེད་དམ་སྙམ།     
ཤེས་རབ་ཀྱི་ཟིན་བྲིས་ལས་བཤུས།