ནང་ཆོས།


སེར་བྱེས་ཚྭ་བ་ཁམས་ཚན་དུ་གསེར་ཕྲེང་བགྲོ་གླིང་ཐེངས་དང་པོའི་སྐབས་ཀྱི་
བདག་གི་རྟོག་འཆར་མདོར་སྡུས།།
གསེར་ཕྲེང་སེར་བྱེས་པར་མ་༼༢༽ མཛེས་པ་སྐྱེད་མཛད་ཡོངས་འཛིན་རྣམ་བཞི་རྒྱལ།  ཞེས་གསུངས་པས་ཡོངས་འཛིན་བཞི་ནི། རྣམ་ཐར་དད་་འཇུག་སེར་བྱེས་པར་མ་༼༡༨༽ཀློག་གི་སློབ་དཔོན་གཙོ་བོ་སློབ་དཔོན་ཡོན་ཏན་རྒྱ་མཚོ་པ་དང་།  ཞར་ཆོས་པ་སློབ་དཔོན་ཆེན་པོ་ཨོ་རྒྱན་པས་མཛད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་ལ་ལེགས་པར་ཐུགས་སྦྱོང་མཛད། ཅེས་དང་།རྣམ་ཐར་དད་འཇུག་༼༢༢༽མཁས་པའི་དབང་པོ་རིན་པོ་ཆེ་ཉ་དཔོན་ཀུན་དགའ་དཔལ་བའི་སྤྱན་སྔར་ཕར་ཕྱིན་གྱི་གཟབས་བཤད་ཚར་གཅིག་གསན།  ཞེས་དང་། རྣམ་ཐར་དད་འཇུག་༼༣༥༽གཙོ་བོ་བླ་མ་རྗེ་བཙུན་པ་ལ་དབུ་ཚད་མངོན་པ་སོགས་གསན་ཅིང་།  ཕར་ཕྱིན་དང་འདུལ་བ་ཡང་རང་རེའི་དྲུང་དུ་ཚར་རེ་ཉན་ན་རྟེན་འབྲེལ་གྱི་ཁྱད་པར་ཞིག་འོང་དུ་རེ་བས་གསུང་འཚལ་ཞུས་ནས་ཚར་རེ་གསན།  ཞེས་གསུང་པས་དེ་དག་ཡིན་པ་མངོན་ནོ།  གསེར༼༤༽ མན་ངག་རྗེས་འབྲང་དུ་འབྲུ་མནན་པ་གཞན་རྣམས་འདྲ་བ་ལ་ལྟུང་བའི་དོན་གདུད་ལས་ལ་བཤད་པ་སྔ་མ་དང་མི་མཐུན་ཞིང་སྟོང་ཉིད་བཅུ་དྲུག་ལ་རང་གི་མཚན་ཉིད་སྟོང་པ་ཀྱི་སྟིང་དུ་དངོས་པོ་མེད་པའི་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བགྲང་རྒྱུ་ཡིན་པ་ལ་དང་པོ་དོར་ནས་མི་དམིགས་པ་སྟོང་པ་ཉིད་བགྲངས་བ་པ་ནི་རྩ་བ་དང་འགལ་ལོ།   ཞེས་པའི་སྔ་མ་ནི།  སློབ་དཔོན་དཀོན་མཆོག་འབང་གིས་མཛད་པའི།   བརྒྱད་སྟོང་དོན་སྡུས་ཀྱི་འགྲེལ་བ་དཀོན་མཆོག་འབང་གི་བཤད་པ་རྗེ་རང་ཉིད་ཀྱིས་སྔར་བཀོད་པ་དེ་ཉིད་ཡིན་ཞིང་།  དེ་དང་མི་མཐུན་པས་ན་སྔ་མ་དང་མི་མཐུན་པའོ། འགྲེལ་བ་དཀོན་མཆོག་འབང་དུ་ནི་འདི་ལྟར། བསྟན་འགྱུར་༼༥༥༽ཤོག་གྲངས་༼༡༣༨༨༽འཆད་པར་འགྱུར་བའི་རྟག་ནི་ཚད་མ་སྟེ།  འདིའི་རྟོགས་པར་བྱེད་པས་ན་རྟགས་སོ།འདི་ལྟར་བྱང་ཆུབ་སེམས་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བ་དང་ཀློག་པ་ལ། ལྗོངས་ལ་སོགས་རྣམ་པར་རྟོགས་པ་སྐྱེ་བ་གང་ཡིན་པ་དེ་དག་ཀྱང་བདུད་ཀྱིས་ལས་ཀྱི་རྒྱུར་མཚན་ནོ།   ཡང་ན་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་རྟག་ཡིན་ནོ།   ཉེས་དམིགས་ནི་དོན་མེད་ཐོག་ཏུ་བབ་པ་སྟེ།  དམ་པའི་ཆོས་སྤོང་བ་ལ་སོགས་པ་ལ་དུག་དང་བཅས་པའོ།   ཞེས་གསུངས་སོ།   རྩ་བ་དང་འགལ་ཞེས་པའི་རྩ་བ་ནི་བརྒྱད་སྟོང་དོན་སྡུས་མིན་ཏེ།  བརྒྱད་སྟོང་དོན་སྡུས་ལས་སྟོང་ཉིད་བཅུ་དྲུག་བསྟན་པའི་ཚིག་དང་སྟོང་གཞི་ཆོས་ཅན་སོགས་གསལ་ཁ་མེད་དེ།  བསྟན་འགྱུར་དེབ་གཟུགས་མ་དེབ་གྲངས་༼༥༥༽ ཤོག་གྲངས་༼༡༣༧༨༽བརྒྱད་སྟོང་དོན་སྡུས་རང་ལས།  སྟོང་པ་ཉིད་ཀྱི་དབྱེ་བ་ནི།  རྣམ་པ་བཅུ་དྲུག་བརྒྱད་སྟོང་པར།  རིམ་པ་ཇི་གཞིན་བརྗོད་པ་ནི།  གཞན་གྱིས་བསྟན་པར་ཤེས་པར་བྱ།  ཞེས་གསུངས་པས་རང་ཉིད་ལས་གསལ་བ་བསྟན་ན་དེ་ལྟ་སྨོས་པའི་དགོས་དོན་མེད་པའི་ཕྱིར། དེས་ན་གཞན་ནི་དབུས་མཐའ་ཡིན་ཏེ།  ཟ་བ་བཟའ་དང་དེ་ཡི་ལས། ཞེས་པ་ནས།   གང་ཟག་དང་ནི་ཆོས་རྣམས་ཀྱི།  དངོས་པོ་མེད་འདིར་སྟོང་པ་ཉིད།   དེ་དངོས་མེད་པའི་དངོས་ཡོད་པ།  དེ་ནི་དེ་ལས་སྟོང་ཉིད་གཞན།   ཞེས་པའི་བར་ཀྱིས་སྟོང་ཉིད་བཅུ་དྲུག་གི་སྟོང་གཞི་ཆོས་ཅན་རྣམས་བསྟན་པ་ཡིན་ལ།  རྐང་པ་ཕྱི་མ་བཞི་ཡིས་ནི།  དངོས་པོ་མེད་པའི་སྟོང་པ་ཉིད་དང་།   དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་པས་དེ་དང་མི་མཐུན་པར་མན་ངག་རྗེས་འབྲང་དུ།  བཅུ་དྲུག་གི་མཐའ་མ་ལ་མི་དམིགས་པའི་སྟོང་པ་ཉིད་དང་།  དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བགྲངས་པ་ནི་སྟོང་ཉིད་བཅུ་དྲུག་རིམ་པ་ཇི་ལྟར་བསྟན་པའི་གཞུང་གི་ཁུང་ངམ་རྩ་བ་དབུས་མཐའ་དང་འགལ་ལོ་ཞེས་པའོ། གསེར༽༼༥༽   དེ་ལྟར་༼ཡུམ་གསུམ་༽གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཁ་ཆེ་མཆེ་བའི་སྡེ་མཛད་པར་གྲགས་ལ།   ཕྱིས་ཀྱི་མཁས་པ་ཁ་ཅིག་༼ནི་བུ་སྟོན་ཐམས་ཅད་མཁྱེན་པ་ཡིན་ལ། དེ་ཉིད་ཀྱི་ཆོས་འབྱུང་།  བློ་གླིང་པར་མ་༼༢༣༠/༡༥ལས་༽རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དང་ཉི་ཁྲི་ལྔ་པ་དང་ཁྲི་བརྒྱད་སྟོང་པ་རྣམས་ཀྱི་གཞུང་འགྲེལ་བམ་པོ་ཉི་ཤུ་རྩ་བདུན་པ་བསྒྱུར་འཕྲོ།  དཾཥྚ་སེ་ནས་བྱས་ཞེར་བ་མང་མོད་ཀྱི། འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ།  ཐུབ་པ་དགོངས་རྒྱན་ལ་སོགས་པར་ཉི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་།  དབུར་ཡང་།  འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད།  ཅེས་འབྱུང་བའི་ཕྱིར་རོ། ཞེས་གསུངས། 
གསེར་༼ ༥༽མཁས་པ་གཞན་དག་འདིར་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་ལ་དེ་བཙུན་པའི་རྣམ་འགྲེལ་ན་ཡོད་པས་དབྱིག་གཉེན་གྱི་མ་ཡིན་ཞེས་ཟེར་རོ།  ཞེས་དང་། ཡུམ་གསུམ་གནོད་འཇོམས་སུ།།  སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ཉན་ཐོས་ཀྱི་རྣམ་པར་རྟོག་པ་རྣམས་ ནི།  ཇི་སྐད་དུ་རྣམ་འགྲེལ་དུ་བྱུང་བ་བཞིན་ནོ།    ཞེས་གསུངས་པ་ལྟར་དུ་བཙུན་པའི་རྣམ་འགྲེལ་ལས།    སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ནི།  མདོ་ཇི་ལྟ་བུ་བཞིན་ནོ།     མདོ་ལས་ཇི་ལྟར་བྱུང་ཞེ་ན།  ཞེས་སོགས་གསུངས་པ་འདི་དང་མཐུན་པས་སོ།        ཡང་གསེར་ཕྲེང་༼༦༽ ལས  ལྔ་བརྒྱ་པ་ཐ་མའི་འགྲེལ་པར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས། ཤཱན་ཏི་རཀྴི་ཏའི་བསམ་པ་ནི་ཞེས་ཞི་བ་མཚོའི་བཤད་ཡམས་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ།      ཞེས་དང་། ཡང་གསེར་ཕྲེང་སྨད་ཆ་༼༡༠༣༽ལས།  གནོད་འཇོམས་ཆེ་བར།  དེ་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་གནས་པའི་དུས་ལོ་ཉིས་སྟོང་ལྔ་བརྒྱར་འགྱུར་ཏར་ཊཱིཀ་འདི་དང་འགལ་བར་སྣང་བ་ཤན་ཏ་རཀྵི་ཏརའི་བསམ་པ་ནི་དགྲ་བཅོམ་པའི་ལེའུ་ནས་ཏིང་ངེ་འཛིན་གྱི་ལེའུའི་བར་ལ་དམ་པའི་ཆོས་གནས་སོ་ཞེས་བྱ་བར་བསམས་པ་ཡིན་ཏེ།ཞེས་སོགས་གསུངས་སོ།། གསེར་༼༦༽  གང་ལྟར་ཡང་འདིས་སེམས་ཙམ་དུ་བཀྲལ་ཞེས་གསུང་བ་ནི་ཆེས་མི་འཐད་པར་གོ་སྟེ།   རྒྱས་པར་འོག་ཏུ་བསྟན་པར་བྱའོ།   འོག་ གསེར་ཕྲེང་༼༡༧༣༽   གནོད་འཇོམས་འདི་ལས་ནི་འདུས་བྱས་ཐམས་ཅད་ཀུན་བརྟགས་སུ་བཤད་ནས་དེ་ཐམས་ཅད་རང་སྟོང་དུ་གསུང་ཤིང་སྐྱེ་མེད་འགག་མེད་རྣམས་ཀྱང་སྒྲ་ཇི་བཞིན་པར་མཛད་ནས་སྐྱེ་འགག་སེལ་བའི་རིགས་པ་རིགས་ཚོགས་བཞིན་འཆད་པས་སེམས་ཙམ་མིན་ལ།    ཞེས་སོགས་གསུངས་སོ།།   གསེར༼༦༽ཕྱི་མ་༼འབུམ་གྱི་འགྲེལ་བ་༽འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ།  ཞེས་གསུངས།  ཡིག་ཆ་སྐབས་དང་པོའི་སྤྱི་དོན་༼༡༣༽དྷརྨཱ་ཤྲཱིས་མཛད་པར་གྲགས་པའི་འབུམ་གྱི་འགྲེལ་བ་འདི་རྒྱ་འགྲེལ་མ་ཡིན་ཏེ། 
ཞེས་མ་ཡིན་པར་སྒྲུབ་བྱེད་ཀྱི་རིག་པ་གསུམ་ལས་དང་པོ་ནི་༽ འདིས་གླིང་གཞི་དང་མཆོད་རྗོད་སྦྱར་ནས།  དེ་ཡང་།  གླིང་གཞི་རྒྱས་པ་དཀའ་སྩལ་དོན་རྣམས་སྡུད་པར་མཛད་ལ་མཆོད་བརྗོད་ཚིགས་བཅད་མཛད།  ཅེས་པའོ།   ཞེས་ཤེས་བྱེད་དུ་དྲངས་པ་འདི་བསྟན་བཅོས་རིན་ཆེན་སྒྲོན་མེ་ལས་འབྱུང་བ་གང་ཞིག།    དེ་འདྲ་བ་དེ་བ་རེ་ཐོད་པ་དགས་མཛད་པར་མཁས་པ་རྣམས་ལ་གྲགས་པའི་ཕྱིར། གཉིས་པ་ནི་༽གཞན་ཡང་དེ་མི་འཐད་དེ།  དེར་ཡུམ་ཆེན་མོ་ལ་བམ་པོ་སུམ་བརྒྱ།  ཞེས་བམ་གྲངས་ཀྱི་བཤད་པ་དང་། ཞེས་གསུངས་ལ།  དེ་དང་མཐུན་པར། བསྟན་གྱུར་དེབ་གྲངས་༼༥༣༽ སྟོང་ཕྲག་བརྒྱ་པའི་བཤད་པར། ཤོག་གྲངས་༼༡༠༣༽ལས།  ལུས་རྣམ་པར་གཞག་པ་ནི་ཡུམ་ཆེན་མོ་འདི་ལ་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱ་ཐམ་པ།  བམ་པོ་སུམ་བརྒྱ།  ཞུས་ལན་བརྒྱ་ཉི་ཤུ།  རྣམ་གྲངས་བཅུ་གཅིག།།འགྲེལ་རྐང་བརྒྱ་རྩ་སུམ་བརྒྱ་དྲུག་བཅུ།  ཞེས་སོགས་གསུངས་པ་དང་མཐུན་ནོ།    གསུམ་པ་ནི་༽མཁས་པ་པཎྜི་ཏཱི་ལུགས་ཀྱིས་ཞེས་པ་ནས།    རང་ངོ་རང་གིས་རྟོགས་པ་གཅིག་ལ་སྐྱེ་དགོས།   ཞེས་པའི་བར་བགྲང་ནས་རྒྱ་གར་མཁས་པའི་ལུགས་ལ་མི་འབྱུང་བའི་བོད་ཚིགས་དུ་མ་འབྱུང་བའི་ཕྱིར།   ཞེས་སོགས་གསུངས།   དེ་ལྟར་བགྲང་བ་ལྟར་། བསྟན་འགྱུར་དེབ་གྲངས་༼༥༣༽ སྟོང་ཕྲག་བརྒྱ་པའི་བཤད་པར། ཤོག་གྲངས་༼༥༤༡༽ལས་མཁས་པ་པཎྜིཏཱི་ལུགས་ཀྱིས།ལྟ་རྟོགས་ཕྱི་རུ་བྱེད་དེ།  རྟོག་བཅས་འཁྲུལ་པ་ཡིན་པར་འདོད་པས་ཡུལ།  བཅད་པས་དེར་འཛིན་གྱི་ཤེས་པ་ལྡོག་པའོ།  ཀུསུ་ལུའི་གདམས་ངག་གི་ལུགས་ཀྱིས་སྒྲོ་འདོགས་ནང་དུ་བཅོད་ལྟ་རྟོག་ནང་དུ་བྱེད་དེ་རྟོག་མེད་འཁྲུལ་པ་ཡིན་པས་རང་ངོ་རང་གིས་ཤེས་དགོས།  རྟོག་པ་གཅིག་རང་ལ་སྐྱེ་དགོས།  ཕྱི་རོལ་གྱི་ཡུལ་དཀག་པས་མི་ཁེགས།  སྒྲུབ་པས་མི་འགྲུབ་དཔེར་ན་མིག་ནད་ཅན་གྱི་སྐྲ་ཤད་དང་འདྲ།  རང་སེམས་དག་ན་མཚན་མ་རང་ས་གྲོལ་ལོ།  ཞེས་སོགས་གསུངས་པ་ཅིག་གོ།  གསེར་༼༦༽ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲུང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ།  ཞེས་རང་ལུག་ལ་དེ་ལྟར་ཁས་ལེན་པའོ།  གསེར་༼༡༠༽དེས་ན་༼འབུམ་གྱི་གནོད་འཇོམས་༽འདི་དང་སྡུད་པའི་ལྡེ་མིག་གཉིས་དྷརྨ་ཤཱིས་མཛད་པར་གྲགས་ཀྱང་།  ལོ་ཙྪ་བའམ་བོད་གཞན་ཞིག་གིས་བྱས་སྙམ་མོ།   ཞེས་གསུང་པ་ལྟར་སྔ་མ་ནི་བཤད་ཟིན་ལ ཕྱི་མ་འདིར་གསེར་ཕྲེང་ལས་བོད་འགྲེལ་ཡིན་པའི་སྒྲུབ་བྱེད་དངོས་སུ་མ་གསུང་ཀྱང་བསྟན་འགྱུར་༼༥༥༽ཤོག་གྲངས་༣༠༣༡༽སྡུས་པའི་ལྡེ་མིག་ལས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དོན་བཞི་སྟེ།  སྤྱིར་རྣམ་པར་གཞག་པ་དགོད་པ་དང་བཅས་པ་བསྟན་པ་དང་།   བརྗོད་པར་བྱ་བའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་།  མཚོན་པར་བྱེད་པའི་དཔེ་བརྒྱ་རྩ་བརྒྱད་བསྟན་པ་དང་།  རྗོད་བྱེད་ཚིགས་སུ་བཅད་པ་སུམ་བརྒྱ་ཕུལ་གདབ་པའོ།  ཞེས་དང་།  རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཚིགས་སུ་བཅད་པ་ཉི་ཤུ་རྩ་དགུ་ལས་དང་པོ་སྔོན་བྱུང་ལ་ཚིགས་སུ་བཅད་པ་གཅིག། སེམས་བསྐྱེད་ཀྱི་ངོ་བོ་ལ་གཅིག།  དཔེ་ལ་གཅིག།  དོན་ལ་གཅིག། རྒྱུ་མཚན་ལ་གཅིག་སྟེ།  སེམས་བསྐྱེད་ལ་བཞིའོ།    ཞེས་ས་བཅད་ཀྱིས་དབྱེ་བ་དང་ཤོ་ལོ་ཀའི་གྲངས་དགྲང་པ་སོགས་ལ་དཔག་ན་རྒྱ་འགྲེལ་མ་ཡིན་པ་སེམས་སོ།   གསེར༽༡༢༽མ་རིག་གཉིད་ལས་སངས་ཕྱིར་དང་།   ཤེེས་བྱ་ལ་ཡང་བློ་རྒྱས་ཕྱིར།  སངས་རྒྱས་པདྨ་ལྟར་སངས་རྒྱས།  དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ།   ཞེས་པ་ནི་ཚིག་མ་དག་ཅིང་རྐང་པ་གསུམ་པའི་དོན་ལ་ཡང་སྐྱོན་ཞུགས་སོ།  ཞེས་གསུང་།   དེ་ལྟ་འདོད་མཁན་ནི་བུ་སྟོན་ཡིན་ཏེ།
 བུ་སྟོན་ཤེར་ཕྱིན་ལུང་གི་སྙེ་མ་ཝྭ་ཎ་པར་མ་ལས ༼༡༡༽
 སངས་རྒྱས་ཏེ།  ཇི་སྐད་དུ།  མ་རིག་གཉིད་ལས་སངས་ཕྱིར་དང་།ཤེེས་བྱ་ལ་ཡང་བློ་རྒྱས་ཕྱིར།
སངས་རྒྱས་པདྨ་ལྟར་སངས་རྒྱས། དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ།  ཞེས་སོགས་གསུངས་སོ།།
       
                        འདིར་འབད་རྣམ་དཀར་དགེ་བ་ཅི་འཆིས་པ།
                        འཇིག་རྟེན་སྤྱི་དང་ཁྱད་པ་གངས་ལྗོངས་སུ།
                      དམགས་འཁྲུག་མི་རྒེ་བཙན་གནོན་མི་འབྱུང་ཞིང་།
                       འགྲོ་ཀུན་སྐུ་བཞིའི་ཐོབ་པའི་རྒྱུ་རུ་སྔོ།།
   གུས་དགེ་རྒྱ་མཚོ་ནས།