Thursday, November 18, 2010

བཀའ་སློབ་ཆ་ཚང།


ྋགོང་ས་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་མི་མང་ལ་
གསལ་བཤད་མཛད་པའི་བཀའ་སློབ་ཆ་ཚང༌

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ ༡༩༩༧ ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་ཚོགས་པ་ཁག་དང༌། བཞུགས་སྒར་ཁུལ་གྱི་མི་མང་གི་འཐུས་མི་བཅས་ལ་དེ་གོང་གང་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་བཀའ་གནང་བའི་གལ་ཆེའི་གནད་དོན་ཐོག་གསལ་བཤད་བཀའ་སློབ་སྩལ་དོན།



 དེ་རིང་ཁྱེད་རང་ཚོ་ཐུག་ན་བསམ་པ་བྱུང༌། ཁྱེད་རང་ཚོས་བརྟན་བཞུགས་འབུལ་ཆོག་པ་ཞེས་བརྗོད་པའི་རྒྱུ་མཚན་ནི་ཉེ་ཆར་ངོས་ནས་ཨ་རིར་བཙན་བྱོལ་ལ་གནས་པའི་རིང་གལ་ཏེ་ྋརྒྱལ་བ་རིན་པོ་ཆེར་ཤི་རྐྱེན་འདྲ་བྱུང་བ་ཡིན་ན་ཡང་སྲིད་ཕེབས་ཕྱོགས་སྐོར་སྐད་ཆ་བཤད་པ་དེ་དག་ལ་ཁྱེད་རང་ཚོ་བློ་གཡེང་ཆེན་པོ་བྱུང་བ་ཡིན་འདུག དེའི་སྐོར་དངོས་ཡོད་གནས་ཚུལ་གང་ཡིན་གསལ་བཤད་བྱས་ན་སྙམ་པ་དྲན་བྱུང༌། དེར་ཁྱེད་རང་ཚོ་བློ་གཡེང་བྱེད་དགོས་དོན་མེད། སྤྱི་ཡོངས་ཀྱི་ཆ་ནས་ང་སེམས་ཤུགས་ཆག་པ་དེ་འདྲ་གང་ཡང་མིན་པ་ཁྱེད་རང་ཚོས་ཤེས་གསལ་རེད། ཆེ་ས་ང་རང་ཚོ་བོད་སྤྱི་པའི་དོན་དག་ནས་བཤད་ན་འགལ་རྐྱེན་མང་པོ་ཞིག་ཡོད། གང་ལྟར་ཆེ་ཆུང་གནམ་ས་ཐུག་པ་ལྟ་བུའི་ཁྱད་པར་གྱི་འགལ་རྐྱེན་ཆེན་པོ་ཞིག་ཡོད་ཀྱང༌། ང་ཚོས་བདེན་པ་ལ་སྙེས་ཏེ་འགྲོ་གི་ཡོད། བདེན་པ་ཞེས་པ་འདིར་དྲག་པོའི་སྟོབས་ཤུགས་ཆེ་ཆུང་གི་དབྱེ་བ་མེད་ཅིང༌། ང་ཚོས་བདེན་པ་སྔས་བཅོལ་ནས་འཚེ་མེད་ཞི་བའི་ལམ་ལ་འགྲོ་གི་ཡོད། འཚེ་མེད་ཞི་བའི་ལམ་ལ་དཔུང་སྟོབས་ཆེ་ཆུང་གི་སྐད་ཆ་མེད། འཚེ་བའི་ལམ་ལ་བརྟེན་ནས་འཁྲུགས་པ་བརྒྱབ་སྟེ་གྲུབ་འབྲས་སམ་རྒྱལ་ཁ་ལེན་ཐབས་བྱེད་མཁན་ཞིག་ཡིན་ན་དཔུང་སྟོབས་ཆེ་ཆུང་ལ་ཧ་ཅང་རག་ལུས་ཀྱི་ཡོད། ང་རང་ཚོ་དང་པོ་ཉིད་ནས་བདེན་པར་ཡིད་ཆེས་བྱས་ཏེ་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱ་རྒྱུའི་དམིགས་ཡུལ་བཟུང་བ་དང༌། ཐབས་ལམ་ཡང་དེ་དང་མཐུན་པ་ཞིག་ལག་ལེན་བསྟར་ཏེ་དུས་ད་ལྟ་བར་དུ་ཕྱིན་པ་རེད། དཔུང་གི་ཆ་ནས་བོད་པས་རྒྱ་མིའི་དཔུང་གི་ཡ་དོ་བ་ཞིག་རྩ་བ་ནས་ཡོང་ཐབས་མེད་ཀྱང༌། ང་ཚོར་བདེན་པ་ཡོད་དུས་བདེན་པའི་ལམ་ལ་བརྟེན་ནས་རྒྱ་ནག་རྒྱལ་ཁབ་དེ་ལ་བོད་པའི་གནས་ཚུལ་གྱི་ཐོག་ནས་སུན་པོ་དང་མི་བདེ་བ་ཞིག་ཡོང་གི་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་སུམ་ཅུ་སོ་བརྒྱད་འགྲོ་བ་དང༌། ང་ཚོར་རྩ་བའི་གོད་ཆགས་བྱུང་ནས་ལོ་བཞི་བཅུ་ཞེ་གྲངས་འགྲོ་གི་ཡོད། འོན་ཀྱང་ད་ལྟ་བར་དུ་ང་རང་ཚོ་ཚང་མ་སེམས་ཤུགས་མ་ཆག་པ་བྱས་ཏེ་བསྡད་པའི་ཉེར་ལེན་གྱིས་འདས་པའི་གནས་ཚུལ་ལ་ཕྱི་མིག་བལྟས་ན། འགལ་རྐྱེན་སྣ་མང་ཞིག་གི་འོག་ང་རང་ཚོ་བོད་པའི་བདེན་དོན་འདི་ཧ་ཅང་ཚད་མཐོ་པོ་ཞིག་ལ་སླེབས་ཡོད་པ་འདི་ལས་སླ་པོ་གཏན་ནས་མིན། སྤྱིའི་གནས་ཚུལ་གྱི་ཐོག་ནས་བཤད་ནའང་གང་ལྟར་རེ་བ་ཡོད་པ་ཞིག་ཡིན་པ་ལས་རེ་བ་མེད་ཞིག་གཏན་ནས་མིན། ངོས་ནས་རྣམ་ཀུན་རྟག་པར་བརྗོད་ཀྱི་ཡོད། དངོས་ནས་བདེན་མཐའ་གསལ་ཉེ་བ་ཞིག་ལ་སླེབས་ཡོད་པར་ད་ལྟའང་ཡིད་ཆེས་གཙང་མ་བྱས་ཏེ་བསྡད་པ་འདི་ལ་འགྱུར་བ་གང་ཡང་མེད། རྒྱ་ནག་གི་འགྲོ་སྟངས་ལ་འགྱུར་བ་རྩ་བ་ནས་མ་ཕྱིན་པའི་འོག་བོད་ཀྱི་འདེན་མཐའ་གསལ་རྒྱུ་ཞེས་པ་འདི་ཡང་ཁག་པོ་ཡིན། རྒྱ་ནག་གི་འགྱུར་བར་ལྟོས་ནས་བོད་ཀྱི་བདེན་དོན་ལ་འགྱུར་བ་ཡོང་རྒྱུ་འདི་དངོས་ཡོད་གནས་ཚུལ་ཆགས་ཡོད། རྒྱ་ནག་ལ་ཆ་བཞག་ན་རྩ་བ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་གཞུང་གི་འགྲོ་སྟངས་ལ་འགྱུར་བ་ཕྱིན་མེད།    ཕྱིའི་སྒྲོམ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྲིད་གཞུང་གི་སྒྲིག་འཛུགས་འདིའི་འོག་ནང་དོན་དཔལ་འབྱོར་གྱི་ལས་དོན་ཐད་འགྱུར་བ་ཆེན་པོ་བཏང་ནས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱེད་པའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད།
 དེའི་དབང་གིས་རང་བཞིན་དུ་ཕྱི་ནང་གི་གནས་ཚུལ་ཤེས་རྟོགས་བྱེད་པའི་ཆ་རྐྱེན་བཟང་དུ་ཕྱིན་ནས་   རྒྱ་ནག་ཕྱིའི་སྒྲོམ་སྔོན་མའི་དེ་རང་འོག་ནང་གི་གནས་སྟངས་ལ་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་པ་ཚང་མས་མཐོང་གསལ་ཡིན། ད་ཕན་ངོས་ནས་ད་ལྟའི་རྒྱ་ནག་དེ་དང་ལོ་ཉི་ཤུའི་གོང་གི་རྒྱ་ནག་གཉིས་དང་བསྡུར་ན་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་རེད་ཅེས་བརྗོད་ཡོད། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་འདི་ལོ་རེ་བཞིན་མི་སྡོད་པར་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད།  དེ་སྔ་ལོ་རབས་ལྔ་བཅུ་དང༌། དྲུག་ཅུ་པ། བདུན་ཅུ་པ་དེ་ཚོའི་སྐབས་ལ་གཅིག་སྡུད་ཀྱི་ལམ་ལུགས་དེར་གང་འཚམས་ཀྱི་རྒྱུ་མཚན་འགྲེལ་བཤད་རྒྱག་རྒྱུ་ཡོད་ཅིང༌། མར་ཁེ་སི་ལེ་ཉིན་རིང་ལུགས་ཟེར་བའི་གཅིག་སྡུད་ཀྱི་ལམ་ལུགས་འདིའི་འོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་བརྒྱུད་དེ་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཡུལ་བརྗོད་ཀྱི་ཡོད་ལ། དེར་ཡིད་ཆེས་ཀྱང་ཡོད་པ་རེད། གང་ལྟར་མ་འོངས་པར་འགྲོ་སའི་མདུན་ལམ་གྱི་བསྐྱེད་རིམ་ཆ་ཚང་གི་རྣམ་པ་བློ་བ་འཆར་རྒྱུ་ཡོད་པ་ཞིག་དང༌། དེ་དང་འབྲེལ་པའི་ལྟ་བ་དང་ལམ་ལུགས་ལ་ཡིད་ཆེས་བྱས་ནས་འགྲོ་གི་ཡོད་པ་རེད། ད་ཆ་དེ་ལ་འགྱུར་བ་ཆེན་པོ་ཕྱིན་ནས་རྒྱ་ནག་མི་མང་ནང་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་ནས་ཕལ་ཆེར་མེད་པ་ལྟ་བུ་ཆགས་ཡོད། གུང་ཁྲན་རིང་ལུགས་ཟེར་བ་འདི་ལག་ལེན་འཁེལ་ཐབས་མེད་པའི་ལྟ་གྲུབ་ཅིག་ཡིན་པ་དེང་སང་ཧ་ཅང་གསལ་པོ་ཆགས་པ་འདི་དངོས་ཡོད་གནས་ཚུལ་རེད། ལྟ་བ་དང་དམིགས་ཡུལ་ངེས་ཅན་ཞིག་གིས་དེ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་པ་འདི་ནི་གཅིག་སྡུད་ལམ་ལུགས་ཀྱི་ཕྱི་ནང་གི་ཆ་རྐྱེན་ཡིན་ཞིང༌། དེ་དག་མེད་པ་ཆགས་དུས་གཅིག་སྡུད་ཀྱི་ལམ་ལུགས་གནས་རྒྱུ་ཧ་ཅང་ཁག་པོ་རེད།   ད་ལྟ་གང་འདྲ་ཞིག་གི་ཐོག་གནས་ཡོད་དམ་ཞེ་ན། ངས་རྣམ་ཀུན་བརྗོད་ཀྱི་ཡོད། གཅིག་སྡུད་ཀྱི་ལམ་ལུགས་ཐོག་འགྲོ་བའི་རྒྱབ་རྟེན་མེད་པ་ཆགས་ཟིན་པ་རྒྱ་ནག་གི་འགོ་ཁྲིད་ཚོས་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ལམ་སང་འགྱུར་བ་ཆེན་པོ་ཞིག་གཏོང་བར་ཕྱིན་ན། དེ་སྔ་ཨུ་རུ་སུའི་ནང་སྒྲིག་འཛུགས་སྦོ་ལུགས་པ་དང༌། དེས་རྐྱེན་པས་དཔལ་འབྱོར་གྱི་དཀའ་ངལ་དང༌། ལུང་པའི་ནང་མི་གསོད་མཁན་དང་ཁྲིམས་འགལ་གང་བྱུང་བྱེད་མཁན་ཧ་ཅང་མང་དུ་སོང་ནས་སྤྱི་ཚོགས་ཡོངས་རྫོགས་བག་ཕེབས་མེད་པའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པ་ཤེས་གསལ་རེད། དེ་འདྲའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ད་ལྟའི་རྒྱ་ནག་འགོ་ཁྲིད་ཚོས་གཅིག་སྡུད་ཀྱི་ལམ་ལ་ཕྱིན་ན་ཁུངས་འཁྱོལ་ཐབས་མེད་པ་ཤེས་ཀྱི་ཡོད་ནའང་ལམ་སང་འགྱུར་བ་ཆེན་པོ་བཏང་ན་བར་སྐབས་ཨུ་རུ་སུའི་གནས་ཚུལ་ལྟར་བྱུང་ན་དེ་ནི་འགན་མི་བཟོད་པའི་གནས་ཚུལ་ཞིག་ཡིན་དུས། ང་ཚོས་བོད་དོན་དཀའ་ངལ་སེལ་ཐབས་སུ་དབུ་མའི་ལམ་ཞིག་འཚོལ་བ་ལྟར་རྒྱ་ནག་རྒྱལ་ཁབ་ཀྱིས་ཀྱང་དེའི་ཐད་དབུ་མའི་ལམ་ཞིག་འཚོལ་གྱི་ཡོད་པ་རེད། ད་ཕན་ལོ་བཞི་བཅུ་ལྷག་ཙམ་རིང་གཅིག་སྡུད་ཀྱི་ལམ་ལུགས་ལ་ཡིད་ཆེས་རྩེ་གཅིག་ཏུ་བྱས་ཏེ་སོང་ཡོད་ཀྱང༌། ད་ཆ་ཁུངས་འཁྱོལ་ཐབས་མེད་པ་ཧ་ཅང་གསལ་པོ་ཆགས་ཡོད། ལམ་སང་འགྱུར་བ་ཞིག་བཏང་ན་ཁྲ་གེ་འཁྲུག་གེ་ཆེན་པོ་ཡོང་རྒྱུའི་ཉེན་ཁ་མཐོང་གི་ཡོད། གནས་ཚུལ་འདི་འོག་རིམ་པས་འགྱུར་བ་འགྲོ་རྒྱུའི་རེ་བ་བྱས་ནས་ཐབས་ཤེས་ཚོལ་གྱི་ཡོད་པ་རེད། འདི་འདྲའི་གནས་སྐབས་ལ་ད་ལྟ་ང་ཚོ་བོད་པས་དབུ་མའི་ལམ་ལ་བརྟེན་ནས་བདེན་དོན་འཚོལ་བ་འདི་རྒྱང་རིང་གི་གནས་ཚུལ་ཐོག་རྒྱ་ནག་རྒྱལ་ཁབ་ཆེན་པོ་དེ་ཐོར་ཞིག་འགྲོ་བའི་ཡ་སེ་ཡོ་ལངས་ཆེན་པོ་མེད་པའི་གནས་ཚུལ་འོག་འགྱུར་བ་འགྲོ་རྒྱུའི་ཐད་ང་ཚོའི་ཐབས་ལམ་འདིས་དོན་གྱི་ཆ་ནས་རྒྱ་ནག་ལ་ཕན་གྱི་ཡོད་པ་རེད། ད་ལྟའི་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ད་ཕན་སྲིད་བྱུས་ནོར་འཁྲུལ་ཕྱིན་པ་དང༌། ཕམ་ཉེས་བྱུང་བ་དེ་དག་ཁ་ནས་ངོས་ལེན་བྱེད་མ་དགོས་པའི་ཐོག་ནས་རིམ་པས་འགྱུར་བ་གཏོང་ཐབས་ཤིག་མ་བྱས་པར་སྡོད་ཐབས་མེད། དེ་ནི་བོད་པའི་ངོ་ལ་བལྟས་ནས་འགྱུར་བ་གཏོང་གི་མེད་ལ། ཡང་འཛམ་གླིང་ཕྱིའི་གནོན་ཤུགས་ལ་བརྟེན་ནས་འགྱུར་བ་བཏང་བ་རེད་ཅེས་མཐའ་གཅིག་ཏུ་བརྗོད་མི་ཐུབ་ཀྱང་ འཛམ་གླིང་སྤྱིའི་མཐོང་ཚུལ་དང་བསམ་ཚུལ་གྱི་ཤུགས་རྐྱེན་ཞིག་ཐེབས་ཀྱི་ཡོད་པ་རེད། རྒྱ་ནག་རྒྱལ་ཁབ་ཆེན་པོ་འདི་འཛམ་གླིང་སྤྱི་ཡོངས་ཀྱི་མོས་པ་ཡོད་པ་དང༌། ཡིད་ཆེས་ཡོད་པ། སྙན་གྲགས་ཡོད་པ་ཞིག་འདོད་ཀྱི་ཡོད་པ་རེད། དེ་འདྲའི་ཆ་ནས་ཀྱང་ཕྱིའི་གནས་ཚུས་ལ་བལྟ་དགོས་ཀྱི་ཡོད་པས་གཙོ་བོ་རྒྱ་ནག་རང་གི་ཁེ་ཕན་གྱི་གནས་ཚུལ་ནས་ཀྱང་འགྱུར་བ་མ་བཏང་ཐབས་མེད་ཡིན་པ་གསལ་པོ་ཆགས་ཡོད།                      ད་བར་ལོ་ ༣༨ ལྷག་ཙམ་རིང་ང་རང་ཚོ་ཚང་མས་རིག་པ་བསྒྲིམས་ཏེ་བསྡད་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོ་གཟུགས་མེད་ས་ནས་གཟུགས་གསར་པ་ཞིག་ཆགས་པ་དང༌། གཟུགས་དེ་ཡང་རིམ་པས་འཕེལ་རྒྱས་ཕྱིན་ཡོད། དཀའ་ངལ་དང་འགལ་རྐྱེན་ཡང་མང་པོ་ཞིག་ཡོད་པ་དེ་གཅིག་པུར་བལྟས་ཏེ་བསྡད་ན་དངོས་གནས་གང་འདྲ་ཡིན་ནམ་བསམ་པ་ཞིག་འཆརཡང༌། ང་ཚོར་མཐུན་པའི་རྐྱེན་ཡང་མང་པོ་ཞིག་ཡོད་པ་དེ་དག་མཐོང་བ་བྱས་ཏེ་ཕྱོགས་གཉིས་ཀའི་གནས་ཚུལ་ལ་རྟོག་ཞིབ་ཀྱིས་ཁོག་ཏུ་ཆུད་པའི་ཐོག་ནས་ཕྱོགས་བསྡོམས་དང་ཞིབ་འཇུག་བྱས་པ་ཡིན་ན། ང་ཚོར་རེ་བ་ཏན་ཏན་ཡོད་པ་ལས་རེ་བ་མེད་པ་ཞིག་རྩ་བ་ནས་མིན། དེར་བརྟེན་ངོས་རང་སེམས་ཤུགས་ཆག་དགོས་དོན་རྩ་བ་ནས་མི་འདུག ང་རང་སྒེར་གྱི་ངོས་ལ་ཆ་བཞག་ན། རྒྱ་མིས་ཏཱ་ལའི་ལོག་སྤྱོད་པ་ཟེར་བའི་ཅ་ཅོ་མང་པོ་སྒྲོག་པ་འདི་དག་ལ་ཧ་ལས་ཀྱི་མི་འདུག དེ་ནི་རྒྱའི་འགོ་ཁྲིད་ཚོ་ཁ་སྐྱེངས་ནས་བརྗོད་པ་ཞིག་རེད། ཁོང་ཚོའི་བསམ་བློའི་ནང་ཏཱ་ལའི་བླ་མའི་མིང་བཏོན་ནས་སྐྱོན་བརྗོད་ཤུགས་ཆེ་ཙམ་བྱས་ན་བོད་པའི་བསམ་བློར་འགྱུར་བ་འགྲོ་གི་རེད་སྙམ་གྱི་ཡོད་ཀྱང༌། ད་ལྟའི་དངོས་ཡོད་གནས་ཚུལ་ལ་ཏཱ་ལའི་བླ་མར་དགའ་ཞེན་ཆེ་རུ་འགྲོ་བ་དང༌། རྒྱ་དཔོན་ཚོར་མི་དགའ་བ་ཆེ་རུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། ལོ་རབས་དྲུག་ཅུ་པའི་ནང་སྲིད་བྱུས་དེ་དག་ལག་ལེན་བསྟར་ཡོད་ཀྱང་ཡོངས་སུ་ཕམ་ཉེས་ཕྱིན་པ་རེད། ད་ལྟའི་སྲིད་བྱུས་དེ་དག་ཀྱང་ཕམ་ཉེས་འགྲོ་རྒྱུ་ལས་ཁོང་ཚོར་ཕན་ཐོགས་གང་ཡང་ཡོང་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། སྔོན་མ་ཁོང་ཚོས་ཏཱ་ལའི་བླ་མ་ཆོས་གོས་གྱོན་པའི་སྤྱང་ཀི་རེད་ཟེར་བ་དང༌། ཏཱ་ལའི་བླ་མས་མི་བསད་པ་དང༌། བཙན་གཡེམ་བྱས་པ་རེད་ཟེར་འདྲ་མིན་བཤད་ཡོད། ང་རང་ལ་སྐྱོན་དེ་དག་མེད་པ་ང་རང་གིས་ཤེས་ཀྱི་ཡོད་པས་མ་བདེ་བ་གང་ཡང་མི་འདུག་ལ། ཁོང་ཚོས་ག་རེ་བཤད་ཀྱང་གནད་འགག་རྩ་བ་ནས་མཐོང་གི་མི་འདུག། བོད་ནང་དེ་རིང་ཁ་སང་ཆོས་སྡེ་ཁག་གི་སྒྲིག་འཛུགས་དམ་དུ་གཏོང་བ་དང༌། དམིགས་བསལ་སྔོན་མའི་དམར་པོའི་ལྟ་བ་དེ་ཚོ་བསྐྱར་དུ་སློབ་པའི་ལས་འགུལ་སྤེལ་གྱི་ཡོད་པ་དེ་དག་གིས་མིའི་སེམས་ལ་འགྱུར་བ་འགྲོ་རྒྱུ་ཧ་ཅང་ཁག་པོ་ཡིན། ཕྱོགས་ཡོངས་ཀྱི་གནས་ཚུལ་གང་ལ་བལྟས་ཀྱང་ང་རང་ཚོ་རེ་བ་ཡོད་པ་ཞིག་ཡིན་པས་ང་སེམས་ཤུགས་ཆག་དགོས་ པའི་རྒྱུ་མཚན་གང་ཡང་མེད། བར་སྐབས་ང་ཚོ་རྒྱ་གར་ནང་ཆ་བཞག་ན་སྐད་ཆ་ཕྲན་བུ་ལྷགས་ཡོང་གི་ཡོད། དེ་ནི་དེ་རིང་ཁ་སང་གཅིག་པུ་མ་ཡིན་པར། ཕྱི་ལོ་ ༡༩༦༠ ནང་ནས་བཟུང་སྟེ་གནས་ཚུལ་ཕྲན་བུ་བྱུང་ཡོད་པ་འདི་ནི་མིའི་ཆོས་ཉིད་རེད། ད་ལྟ་ང་ཚོས་ཕྱོགས་གཅིག་ནས་མང་གཙོའི་ལམ་ལ་འགྲོ་གི་ཡོད་པས་གཏམ་བརྗོད་རང་དབང་རེད། ང་རང་ཚོ་རྒྱ་གར་ལུང་པའི་ནང་བསྡད་ཡོད་པའི་གནས་ཚུལ་འོག་བློ་མཐུན་མ་མཐུན་ཡོད་པ་དེ་ཁ་ནས་གསལ་པོ་འདོན་རྒྱུའི་སྤོབས་པ་དང་གོ་སྐབས་ཤིག་ཡོང་གི་ཡོད་པ་རེད། དེ་ལ་དགའ་བསུ་ཞུ་རྒྱུ་ལས་སྐྱོན་གང་ཡང་མེད།བར་སྐབས་ཆོས་སྐྱོང་བསྟེན་སྟངས་ཀྱི་ཐོག་ནས་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་ཅིང༌། ངའི་མིང་ནས་སྨྲོས་ཏེ་གནས་ཚུལ་བཤད་ཀྱི་ཡོད་པ་དེ་ལ་ཐལ་ཆ་གང་ཡང་མི་འདུག གཏམ་བརྗོད་རང་དབང་རེད། ངས་འདི་ཧ་ཅང་ཡག་པོ་རེད་ཅེས་བཤད་ཀྱི་ཡོད། གང་ལྟར་ངའི་གསམ་ཚུལ་དང་ངས་ལམ་སྟོན་བྱས་པ་ལ་ཡིད་ཆེས་མེད་མཁན་གྱི་མི་ཏན་ཏན་ཡོང་གི་རེད། མི་དེ་དག་གིས་སོ་སོའི་སེམས་ནང་ཡིད་ཆེས་མེད་པའི་གནས་ཚུལ་ཁ་ནས་ཡིད་ཆེས་མེད་ཅེས་བརྗོད་པ་འདི་ཧ་ཅང་ཡག་པོ་རེད། ཁ་ནས་ྋརྒྱལ་བ་རིན་པོ་ཆེར་ཡིད་ཆེས་ཡོད་མདོག་མདོག་དང༌། སེམས་ནང་ཡིད་ཆེས་མེད་ན་འདི་ཡག་པོ་མིན། དེ་ནི་ཆོས་ཀྱི་ཐོག་ནས་གཤད་ན་ངོ་ལྐོག་ཅེས་པ་འདི་ཆགས་ཡོད། དམ་ཚིག་མ་གཙང་བ་ཡང་འདིའི་ཐོག་ནས་ཡོང་གི་ཡོད། སེམས་ནང་ནས་ྋརྒྱལ་བ་རིན་པོ་ཆེས་བཤད་པ་ལ་ཡིད་ཆེས་མེད་པ་ཇི་བཞིན་ཁ་ནས་ཀྱང་ྋརྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱས་པ་འདི་ཕྱི་གསལ་ནང་གསལ་ཆགས་པར་བརྟེན་ཧ་ཅང་ཡག་པོ་རེད་སྙམ་གྱི་ཡོད་ལ། བློ་མ་མཐུན་མ་དེ་དག་གིས་དངོས་སུ་ངོ་རྒོལ་བྱས་ཏེ་བཤད་པ་དགའ་བསུའི་གནས་རེད།  གནད་འགག་ཆེ་ཤོས་མང་ཚོགས་རྣམས་ད་བར་མགོ་བསྐོར་འོག་མ་ཚུད་པར་ཚང་མས་འགྲེང་འགྲེང་བྱས་ཏེ་བསྡད་ཡོད་ཅིང༌། ད་དུང་ཡང་མགོ་བསྐོར་མ་ཐེབས་བ་བྱེད་དགོས། ངོས་ནས་བཤད་པ་འདི་དག་ལ་རྒྱུ་མཚན་གང་འདུག ཕར་ཕྱོགས་ནས་བཤད་པ་ལ་རྒྱུ་མཚན་གང་འདུག ཁྱེད་རང་ཚོས་བསམ་བློ་ཡག་པོ་བཏང༌། ངས་བརྗོད་པ་འདི་དག་ལ་རྒྱུ་མཚན་མང་པོ་མཐོང་བ་དང༌། ཡིད་ཆེས་ཡོང་གི་འདུག་ན་སོ་སོའི་ལངས་ཕྱོགས་འདི་བཟུང༌། ད་བར་ཚང་མས་ཧུར་ཐག་བྱས་ཡོད་པ་རེད། ད་དུང་ཡང་དེ་བཞིན་ཧུར་ཐག་བྱེད་དགོས། མགོ་ཚོས་ལ་མ་ཚོས་ཀྱི་ཡིག་ཆ་འདྲ་མིན་དང་སྙོན་འཛུགས་ཧམ་པ་བཤད་པ་དེ་ཚོར་མགོ་བསྐོར་ཐེབས་ཀྱི་མ་རེད་ལ། མགོ་འཁོར་མ་ཐེབས་པའི་ཐོག་ནས་གསལ་བཤད་གང་བྱེད་དགོས་ཀྱང་བྱ་རྒྱུ་ལས། གཞན་གྱི་གནད་འགག་མཐོང་གི་མི་འདུག གོང་དུ་བརྗོད་པ་ལྟར་ཡག་པོ་རེད་བསམ་གྱི་འདུག ངས་རྣམ་ཀུན་བཤད་པ་བཞིན་སོ་སོའི་ངོས་ནས་ཕྱོགས་ཚང་མའི་གནས་ཚུས་ལ་བལྟས། གནས་ཚུལ་མང་པོ་ཞིག་མཐོང༌། ཉམས་མྱོང་མང་པོ་ཞིག་བསགས་པའི་གནས་ཚུལ་གྱི་འོག་ནས་ད་ལྟ་གསལ་བཤད་བྱེད་ཀྱི་ཡོད། གསལ་བཤད་མ་བྱས་ན་ངའི་ནོར་འཁྲུལ་ཡིན་ལ་གསལ་བཤད་བྱས་པ་དེར་ཉན་དང་མ་ཉན་ཁྱེད་ཚོ་སོ་སོའི་བསམ་བློ་རེད། མང་ཆེ་བས་ཉན་གྱི་ཡོད་ཅིང༌། ཉུང་ཤས་ཤིག་གིས་མི་ཉན་པ་ཡོང་ངེས་རེད། དེ་སྔོན་ྋརྒྱལ་བ་སྐུ་གོང་མའི་སྐབས་ལའང་སྐུ་གོང་མར་ཁ་གཏོང་མཁན་ཡོད་པ་ལས་མེད་པ་མིན། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ལ་དེ་བས་ཀྱང་ཡོད། དེ་ནས་ཡར་འདེད་ན་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་ཡང་སྟོན་པ་བཅོམ་ལྡན་འདས་ལ་སྐུར་བ་འདེབས་མཁན་ཡོད་པ་རེད། ང་རང་ལ་དཔགས་པའི་དྲང་པོས་གཞུང་བསྲང་སྟེ་འགྲོ་སྐབས་ཕྲན་བུ་བློ་མ་རང་བ་ཁག་གཅིག་གིས་སྒྲོ་སྐུར་འདྲ་མིན་བྱེད་པ་ནི་ག་དུས་ཡིན་ཡང་ཡོང་སྲིད་པ་ལས་ཡོང་མི་སྲིད་པ་མིན། དེ་ལ་ཡ་མཚན་སྐྱེ་དགོས་དོན་དང༌། དེ་འདྲའི་གནས་ཚུལ་གྱིས་རྐྱེན་པས་ངོས་རང་སེམས་ཤུགས་ཆག་དགོས་དོན་རྩ་བ་ནས་མེད། ཤེས་སོང་ངམ།   ད་ལྟ་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་སྐོར་བརྗོད་པ་འདིའི་ཐད་ངོས་ནས་ཁྱོད་ཚོར་འགྲེལ་བཤད་བྱ་རྒྱུར། ཕལ་ཆེར་ད་ཕན་ལོ་བཅོ་ལྔ་ཉི་ཤུ་ཙམ་གོང་ལ་ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེངབཅུ་བཞི་པ་འདི་སྐུ་ཕྲེང་མཐའ་མ་ཡིན་སྲིད་ཀྱི་རེད་ཅེས་བརྗོད་ཡོད། དེའི་རྒྱུ་མཚན་ནི་ཕ་རོལ་རྒྱ་ནག་ཕྱོགས་ནས་ང་ཚོས་བོད་རང་དབང་རྩོད་ལེན་བྱེད་པའི་ལས་འགུལ་འདི་ཚང་མ་ྋརྒྱལ་བ་རིན་པོ་ཆེའི་ཁེ་ཕན་དོན་དག་རེད་ཟེར་བ་དང༌། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པའི་དོན་དག་རེད་ཟེར་བཤད་ཀྱི་ཡོད་པ་རེད། དེ་ལ་དོན་སྙིང་ལན་འདེབས་བྱ་རྒྱུ་གང་ཡོད་ཅེ་ན། ཕྱི་ལོ་ ༡༩༦༡ ལོ་ཙམ་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ཐོག་མའི་ཟིན་བྲིས་བཀོད་པ་དང༌། ཕྱི་ལོ་ ༡༩༦༣ ལོར་རྩ་ཁྲིམས་སྙིང་བསྡུས་ཤིག་གསལ་བསྒྲགས་བྱས་པ་དེའི་ནང་གལ་ཏེ་དགག་བྱ་དང་དགོས་པའི་གནད་འགག་བྱུང་ན་ྋརྒྱལ་བ་རིན་པོ་ཆེའི་དབང་ཆ་འདོར་རྒྱུ་ཞེས་པ་ཞིག་བཀོད་ཡོད། ཁྱོད་རང་ཚོ་རྒན་པ་ཁ་ཤས་ཡོད་ན་དྲན་གྱི་རེད། སྐབས་དེར་ྋརྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་བསྒྱུར་བཅོས་བཏང་ན་འགྲིགས་ཀྱི་མི་འདུག་ྋརྒྱལ་དབང་རིན་པོ་ཆེས་འགན་མ་འཁྱེར་ན་འགྲིགས་ཀྱི་མི་འདུག་ཅེས་བསམ་ཚུལ་མང་པོ་ཞིག་བྱུང་མྱོང་ཡོད། དེ་དུས་སུ་གཅིག་གིས་བཤད་མཁན་མེད་ཀྱང་ང་རང་ཚོ་མང་གཙོའི་ཐོག་འགྲོ་དགོས་པར་བརྟེན་དགོས་པའི་དབང་གིས་ྋརྒྱལ་བ་རིན་པོ་ཆེའི་དབང་ཆ་བཞག་དགོས་པ་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་གནས་ཚུལ་ཆགས་ཀྱི་འདུག་ན་གྲོས་ཚོགས་ཀྱི་སུམ་ཆ་གཉིས་མང་མོས་ཀྱི་ཐོག་ནས་ྋརྒྱལ་དབང་རིན་པོ་ཆེའི་དབང་ཆར་བསྒྱུར་བཅོས་གཏོང་རྒྱུ་ཡོད་པ་ཞིག་རྩ་ཁྲིམས་ཀྱི་ཟིན་བྲིས་ནང་བཀོད་ཡོད་པ་རེད། དེ་ནས་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང༌། དགའ་ལྡན་ཕོ་བྲང་ངམ་ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་མ་འོངས་པར་གནས་དང་ མ་གནས་བོད་རྒྱ་ཆེའི་མི་མང་གིས་ཐག་བཅོད་བྱ་རྒྱུ་རེད་ཅེས་བཀོད་ཡོད། ང་ཚོས་བདེན་དོན་འཐབ་རྩོད་བྱེད་པ་འདི་བོད་དང་བོད་མི་རིགས་ཀྱི་དོན་དག་ཡིན་པ་ལས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པའི་དོན་དག་དང༌། ྋརྒྱལ་བ་རིན་པོ་ཆེའི་ཁེ་ཕན་གྱི་དོན་དག་རྩ་བ་ནས་མིན། མདོར་ན། ཏཱ་ལའི་བླ་མའི་བླ་བྲང་ངམ་གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་འདི་མ་འོངས་པར་གནས་དང་མ་གནས་ཐག་བཅོད་བྱ་རྒྱུའི་དབང་ཆ་བོད་མི་མང་གི་ལག་པར་ཡོད། འདི་གནས་རྒྱུར་ཨུ་ཚུགས་རྒྱག་དགོས་པ་དང་ཐབས་ཤེས་བྱེད་དགོས་དོན་གང་ཡང་མེད་ཅེས་བཤད་ཡོད་ལ། གནད་འདག་ཀྱང་འདིར་ཐུག་ཡོད། རང་རེ་བོད་སྤྱི་པའི་དོན་དག་ཡིན་པ་ལས། བླ་བྲང་གི་གནས་ཚུལ་ཞིག་མ་རེད། གཉིས་ནས་འཛམ་གླིང་ཐོག་མི་མང་པོ་ཞིག་གིས་ཧ་ལམ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མེད་པ་ཆགས་ན་སངས་རྒྱས་ཀྱི་བསྟན་པར་འགྱུར་བ་འགྲོ་རྒྱུ་དང༌། བོད་མི་རིགས་ལའང་འགྱུར་བ་འགྲོ་རྒྱུ་ལྟ་བུ་ཞིག་བརྗོད་ཀྱི་ཡོད་ཅིང༌། དེ་དག་ལ་ངས་གསལ་པོ་འགྲེལ་བཤད་བྱེད་ཀྱི་ཡིན། བསམ་བློ་ཞིག་ཐོངས་དང༌། བོད་མི་རིགས་ཞེས་པ་འདི་བོན་པོའི་གཞུང་དང་འབྲེལ་བའི་ལོ་རྒྱུས་ནས་གཤད་ན་ཉུང་ཤིས་ལའང་ལོ་བཞི་སྟོང་ལྔ་སྟོང་སོང་བའི་མི་རིགས་ཤིག་ཆགས་ཡོད། ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་ནང་པའི་གཞུང་དང་འབྲེལ་བའི་རྒྱལ་རབས་ནས་བཤད་ན་ལོ་ཉིས་སྟོང་བརྒྱ་ལྷག་ཙམ་སོང་བའི་མི་རིགས་ཤིག་ཆགས་ཡོད། སངས་རྒྱས་ཀྱི་བསྟན་པར་ཆ་བཞག་ན་ལོ་ཉིས་སྟོང་མ་ཟིན་ཙམ་གྱི་གོང་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་ནས་བར་དུ་ཡར་རྒྱས་སོང་སྟེ་ད་བར་ལོ་ཡུན་འདི་ཙམ་ཕྱིན་ཡོད་པ་རེད། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ྋརྒྱལ་དབང་དགེ་འདུན་གྲུབ་པ་ནས་བརྩིས་ན་ལོ་དྲུག་བརྒྱ་ལྷག་ཙམ་སོང་བ་དང༌། ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཆགས་པ་ནི་ྋགོང་ས་ལྔ་པའི་སྐབས་ཡིན་ཞིང༌། དེ་ནས་ད་བར་ལོ་གསུམ་བརྒྱ་ལྷ་ཙམ་སོང་ཡོད། དེར་བརྟེན་བོད་མི་རིགས་འདི་ལོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ཞིག་དང༌། ཆོས་སྲིད་ཟུང་འབྲེལ་ཞེས་པ་འདིར་ཡང་ཕལ་ཆེར་ལོ་ཉིས་སྟོང་མིན་ཙམ་གྱི་ལོ་རྒྱུས་ཡོད་པ་རེད། དེ་བཞིན་ནང་པའི་ཆོས་ལ་ཆ་བཞག་ན། ལོ་སྟོང་ཕྲག་གཉིས་མ་ཟིན་ཙམ་སོང་ཡོད། ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འདི་ཡོད་ན་བོད་མི་རིགས་ཡོད་པ་དང༌། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ཞིག་དང༌། འདི་མེད་ན་བོད་མི་རིགས་བརླག་འགྲོ་བ་དང༌། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཡང་བརླག་འགྲོ་བ་ཞིག་རྩ་བ་ནས་མིན། འདས་པའི་ལོ་རྒྱུས་ཐོག་གནས་ཡོད་ལ། མ་འོངས་པར་ཡང་བོད་མི་རིགས་དང་བོད་མི་རིགས་ཀྱི་རིག་གཞུང༌། བོད་མི་རིགས་ཀྱི་སངས་རྒྱས་ཀྱི་བསྟན་པ་བཅས་གནས་རྒྱུ་རེད། ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འདི་ནམ་ཞིག་དགོས་པ་མེད་པ་ཆགས་ན་མེད་པར་འགྲོ་རྒྱུ་ཡིན་ཞིང༌། མུ་མཐུད་དེ་གནས་རྒྱུར་འབད་བརྩོན་དང༌། སེམས་འཁུར་བྱེད་དགོས་དོན་རྩ་བ་ནས་མེད་ཅེས་ངོས་ནས་བཤད་ཀྱི་ཡོད། དེར་བརྟེན་མ་འོངས་པར་གཞིས་བྱེས་མཉམ་དུ་འཛོམས་ནས་ལོ་ཉི་ཤུ་སུམ་ཅུ་ཙམ་སོང་མཚམས་ཚང་མ་དངོས་གནས་འདོད་པ་ཚིམས་པ་ཞིག་དང༌། བོད་མི་རིགས་དང་བོད་ཀྱི་རིག་གཞུང༌། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་བཅས་ཚང་མ་སྲ་ཐག་ཐག་ཆགས་པའི་གནས་ཚུལ་འོག་གཅིག་བྱས་ན་མི་མང་མང་ཆེ་བའི་བསམ་བློའི་ནང་ཡིན་གཅིག་མིན་གཅིག་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་འདི་མཐའ་གཅིག་ཏུ་དགོས་དོན་མི་འདུག་བསམ་པ་ཡོང་མི་སྲིད་པ་མིན། དེ་འདྲ་བྱུང་ན་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་འདི་རང་བཞིན་མེད་པ་ཆགས་འགྲོ་གི་རེད། གལ་ཏེ་དེ་འདྲ་ཆགས་པ་ཡིན་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་འདི་ཏཱ་ལའི་བླ་མ་མཐའ་མ་ཆགས་པ་རེད་ཅེས་བཤད་ཀྱི་ཡོད། ཏཱ་ལའི་བླ་མ་མཐའ་མ་ཆགས་ན་ང་ནི་དེ་ལ་དགའ་པོ་དང་དགའ་བསུ་ཡོད་ཅེས་རྩེད་མོ་དང་སྦྲགས་བརྗོད་ཀྱི་ཡོད། ད་བར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བྱུང་བའི་ནང་ནས་ང་རང་ལ་ཆ་བཞག་ན་ཏཱ་ལའི་བླ་མ་ཡག་ཤོས་དང༌། སྙག་གྲགས་ཆེ་ཤོས་ཤིག་ཆགས་མེད་ཀྱང་ཞབས་འདྲེན་ཞུ་མཁན་ཞིག་ཆགས་མེད་ཅེས་བརྗོད་ཀྱི་ཡོད། ཏཱ་ལའི་བླ་མ་ཞབས་འདྲེན་ཞུ་མཁན་མ་ཆགས་པའི་སྐབས་ལ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་དབྱིན་ཇིའི་སྐད་ནང་ (INSTITUTION) ཨིན་སི་ཊོ་ཤུན་ཞེས་པ་འདི་མཇུག་བསྒྲིལ་བ་ཡིན་ན་དེ་ནི་གཟི་བརྗིད་ངང་ནས་མཇུག་བསྒྲིལ་བ་ཡིན་པས་ཡག་པོ་རེད། ཞབས་འདྲེན་ལུང་པ་གང་ཞུས་ནས་མཇུག་བསྒྲིལ་བ་ཡིན་ན་ལོ་རྒྱུས་ནང་ཏཱ་ལའི་བླ་མས་ཞབས་འདྲེན་ཞུས་ཏེ་ཏཱ་ལའི་བླ་མའི་ལིའུ་རྫོགས་པ་རེད་ཅེས་བརྗོད་རྒྱུ་དེ་ནི་ངོ་ཚ་པོ་དང་ཐབས་སྐྱོ་པོ་ཡིན། ཏཱ་ལའི་བླ་མ་གཟི་བརྗིད་དང་རྒྱལ་ཁའི་ངང་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་མཇུག་རྫོགས་ན་འགྲིག་གི་འདུག་ཅེས་བཤད་ཀྱི་ཡོད།  ཡང་ཕྱོགས་གཞན་ཞིག་ནས་མུ་མཐུད་དེ་ཏཱ་ལའི་བླ་མའི་(INSTITUTION)ཨིན་སི་ཊོ་ཤུན་ནམ་སྒྲིག་འཛུགས་འགྲོ་སྟངས་འདི་མུ་མཐུད་གནས་ན་དགེ་མཚན་དང་རྒྱུ་མཚན་གང་ཡོད་ཅེ་ན། དེ་སྔ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་འདི་བོད་དང་སོག་པོ་གཉིས་ལ་འབྲེལ་བ་ཡོ་པ་དང༌། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ལ་འབྲེལ་བ་ཕྲན་བུ་ཡོད་པ་དེ་ཙམ་ཡིན། བར་ལམ་ང་ཚོ་བཙན་བྱོལ་བ་ཆགས་པ་དང་འཛམ་གླིང་ཐོག་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་སོང་བའི་འགྱུར་བ་གསར་པའི་གནས་ཚུལ་འོག་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ཡང་ཕལ་ཆེར་འཛམ་བུ་གླིང་གི་ ནང་པ་ཡོངས་རྫོགས་ཞེས་བརྗོད་མ་ཐུབ་ཀྱང༌། འཛམ་གླིང་གི་ཐེག་ཆེན་ཆོས་བརྒྱུད་ཀྱི་ངོས་ནས་བཤད་ན་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་འཛམ་གླིང་ཡོངས་གྲགས་ཀྱི་ངོས་འཛིན་ཆ་འཇོག་ཡོད་པའི་ནང་པའི་འགོ་ཁྲིད་ཅིག་ཆགས་ཡོད། འདི་འདྲའི་ཆ་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་བོད་གཅིག་པུའི་གནས་ཚུལ་མ་ཡིན་པར་འཛམ་གླིང་གི་ནང་པ་སྤྱི་དང༌། བྱེ་བྲག་ཐེག་ཆེན་པ་ཡོངས་ལ་ཁྱབ་པའི་ཡོངས་གྲགས་ཆ་འཇོག་ཡོད་པའི་འགོ་ཁྲིད་ཀྱི་སྒྲིག་འཛུགས་གསར་པ་ཞིག་ཆགས་ཡོད། དེར་བརྟེན་དེ་སྔོན་རྒྱ་གར་བ་ངོ་ཤེས་དེ་འདྲ་ནས་དེ་སྐོར་ངོས་ལ་བརྗོད་དེ་ང་ཚོ་གོ་བསྡུར་དང་བསམ་ཚུལ་ཤོད་རེས་བྱེད་མྱོང་ཞིང༌། ཡེ་ཤུའི་བླ་ཆེན་པོབ་ཀྱི་སྒྲིག་འཛུགས་ཨི་ཊ་ལིའི་རྒྱལ་ས་རོམ་ལ་ཡོད་པ་དེ་འཛམ་གླིང་ཐོག་གི་ཡེ་ཤུ་ཁེ་ཏོ་ལེཀ་ཆོས་ཚོགས་ཡོངས་ཀྱི་གཙོ་འཛིན་ཆགས་ཡོད། དེ་བཞིན་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ལྷ་སར་གནས་ཀྱང་ངོ་བོ་འཛམ་གླིང་གི་ནང་པ་ཡོངས་སམ་ཡང་ན་ཐེག་ཆེན་པ་ཡོངས་ཀྱི་འགོ་ཁྲིད་ལྟེ་གནས་ཤིག་ཆགས་ཀྱི་ཡོད་པ་རེད་ཅེས་བརྗོད་མཁན་ཡོད། དེར་བརྟེན་གལ་སྲིད་ཏཱ་ལའི་བླ་མའི་བླ་བྲང་ངམ་སྒྲིག་འཛུགས་འདི་མུ་མཐུད་དགོས་པའི་གནས་ཚུལ་ཞིག་ཆགས་པ་ཡིན་ན། ཏཱ་ལའི་བླ་མའི་མཇུག་མཐུད་མཁན་དེ་གང་འདྲ་བྱེད་ཀྱི་ཡིན་འདི་ཡང་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཡིན།  དགའ་ལྡན་ཁྲི་པ་ལྟར་བསླབ་པ་བགྲེས་གཞོན་གྱི་ཐོག་ནས་ཏཱ་ལའི་བླ་མའི་ཁྲི་འཛིན་མཁན་ཡོང་མི་ཆོག་པ་མིན་པས་འདི་ཐབས་ཤེས་གཅིག་ཡིན། ཡང་ན་ཡེ་ཤུའི་བླ་ཆེན་གཤིགས་སྐབས་བླ་ཆེན་གྱི་འགན་འཁྱེར་མཁན་གཙོ་བོ་དེ་ཚོའི་ནང་ནས་འོས་བསྡུ་བྱས་ཏེ་བླ་ཆེན་སྐོ་གི་ཡོད། འདི་འདྲའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མིན་ལ་ཡོང་ཆོག་པ་ཡིན། ཡང་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་བར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བདག་པོ་བརྒྱབ་པ་གང་ཞིག་ལ། བདག་པོ་རྒྱག་སྟངས་དེ་ཡང་བླ་མ་གོང་སྐུ་མ་འདས་གོང་བླ་མ་ཁོང་རང་གིས་ངའི་ཡང་སྲིད་འདི་ཡིན་ཞེས་ངོས་འཛིན་གནང་པ་དེ་འདྲ་ཡོང་གི་ཡོད། དཔེར་ན་དེ་གོང་ཏི་ཛུ་ཁུལ་དུ་གཏེར་སྟོན་གྱི་བླ་མ་ཡག་པོ་ཞིག་ཡོད་པ་ཁོང་མ་གཤེགས་གོང་ཁོང་རང་གི་སྤུན་མཆེད་མིན་ནམ་དེ་འདྲ་ཞིག་ལ་ཕྲུ་གུ་གྲུང་པོ་ཞིག་ཡོད་པ་འདི་ངའི་ཡང་སྲིད་ཡིན་ཞེས་ངོས་འཛིན་ཐག་གཅོད་གནང་ཡོད། རྗེས་སུ་ཕྲུ་གུ་དེ་ཡང་བླ་མ་གོང་མའི་ཀུན་སྤྱོད་ཇི་ལྟ་བ་བཞིན་བྱེད་མཁན་ཞིག་ཆགས་འདུག དེ་ལྟར་ཉེ་བའི་ལོ་རྒྱུས་དང་སྔ་མོའི་དུས་སུ་བླ་མ་གོང་མ་མ་འདས་གོང་ནས་སྤྲུལ་སྐུའི་ཡང་སྲིད་ཡོང་མྱོང་བ་དེ་ལྟར་མ་འདས་སྤྲུལ་སྐུ་ཞེས་པ་ཡོང་ཆོག་པ་འདུག་སྙམ། ངོས་རང་མ་ཤི་གོང་ངའི་ངོས་ནས་ལས་དང་སྨོན་ལམ་དང༌། བསོད་ནམས་གང་ཅིའི་ཆ་རྐྱེན་འཛོམས་པའི་རེ་བ་ཡོད་པ་ཞིག་ལ་འདི་ངའི་འཇུག་སྐྱེལ་མཁན་ཡིན་ཞེས་བརྗོད་ན་བརྗོད་ཆོག་པ་ཡིན། དེ་ཙམ་དུ་མ་ཟད་བླ་མ་གོང་མ་འདས་རྗེས་ཡང་སྲིད་འཚོལ་ཞིབ་བྱེད་པ་འདི་ཡང་དེ་སྔ་ཕན་ཆད་ཀྱི་འགྲོ་སྟངས་དང་ཐབས་ཤེས་ཤིག་རེད། རྩ་བ་ྋརྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་འདི་མུ་མཐུད་གནས་དགོས་མིན་མི་མང་གིས་ཐག་གཅོད་བྱ་རྒྱུ་རེད། གལ་སྲིད་མུ་མཐུད་གནས་པ་ཡིན་ན། ཏཱ་ལའི་བླ་མའི་མཇུག་མཐུད་ནས་ཡོང་བའི་ཡོང་སྟངས་གང་འདྲ་བྱས་ཏེ་ཡོང་བའི་ཐད་བསམ་བློ་མང་པོ་གཏོང་རྒྱུ་འདུག་ཅེས་ངས་ལོ་ཉི་ཤུའི་གོང་ནས་བཤད་ཡོད།   བར་སྐབས་ཕྱི་རྒྱལ་གྱི་མི་སྣའི་ནང་བུད་མེད་ཀྱི་ཐོབ་ཐང་སྐོར་ཤོད་མཁན་མང་པོ་ཡོད། དེ་འདྲ་ནས་བོད་ཀྱི་བླ་མའི་ནང་བུད་མེད་མི་འདུག མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཀྱི་ཏཱ་ལའི་བླ་མ་ཞིག་ཡོད་གི་རེད་དམ་ཞེས་བརྗོད་མཁན་ཡོང་གི་འདུག ངོས་ནས་དེ་སྔ་བོད་ཀྱི་ལོ་རྒྱུས་ནང་བུད་མེད་ཀྱི་བླ་སྤྲུལ་མེད་པ་མ་རེད། དཔེར་ན་བསམ་སྡིངས་རྡོ་རྗེ་ཕག་མོ་ནི་བོད་ཀྱི་བླ་ཆེན་གྲས་ཆགས་ཡོད། བསམ་སྡིངས་རྡོ་རྗེ་ཕག་མོ་མཇལ་ཁ་སོགས་ལ་ཕེབས་སྐབས་བཞུགས་ཁྲི་མཐོན་པོ་རྒྱག་དགོས་པ་དང༌། ཁོང་ལ་སྐུ་འཁོར་གསོལ་གཟིམ་མཆོད་གསུམ་ཆ་ཚང་ཡོད་པ་རེད། ངོས་ནས་དངོས་སུ་མཇལ་མ་མྱོང་ཡང་རྡོ་རྗེ་ཕག་མོའི་ཡང་སྲིད་ངོ་མ་ལ་ཕག་པའི་ཟེ་ཡོད་པ་རེད་ཅེས་བརྗོད་སྲོལ་འདུག ཕྱི་ལོ་ ༡༩༥༠ ལོར་ང་རང་གྲོ་མོར་བསྐྱོད་པ་དེ་དུས་བསམ་སྡིངས་ལ་ཕྱིན་པ་ཡིན། རྡོ་རྗེ་ཕག་མོ་དང་མཇལ་མྱོང༌། ཡོངས་འཛིན་དང་གསོལ་གཟིམ་མཆོད་གསུམ་གཟིམ་འགག་བཅས་བླ་ཆེན་གྱི་ཐོབ་གོ་ས་ཆ་ཚང་འདུག དུས་འགྱུར་སྐབས་རྡོ་རྗེ་ཕག་མོ་ཁོང་སྐབས་ཤིག་རྒྱ་གར་ལ་ཕེབས་ཡོད། དེ་ནས་སྤང་མདའ་ཛ་སག་དང་འབྲེལ་བ་བྱུང་སྟེ། སྤང་མདའ་བྲོས་འགྲོ་སྐབས་མཉམ་དུ་ཡིན་ནམ་ཡང་དེའི་གོང་དུ་ཡིན་གང་ལྟར་ཕྱིར་ལོག་གནང་བ་རེད། རྩ་བ་བླ་ཆེན་ནང་བུད་མེད་མེད་པ་མིན། དེས་མཚོན་པའི་སྟོད་ཁུལ་དུའང་བུད་མེད་ཀྱི་སྤྲུལ་སྐུ་གསུམ་བཞི་ཞིག་ཡོད་པ་ཐོས་མྱོང༌། དེ་དག་ལ་ང་ཚོས་ཞིབ་འཇུག་བྱེད་དགོས་པ་ཡིན། དེ་སྔའི་ལོ་རྒྱུས་ཐོག་བླ་མ་སྤྲུལ་སྐུའི་ཡང་སྲིད་ནང་བེུད་མེད་པ་མིན། བསམ་གཏིང་རྡོ་རྗེ་ཕག་མོའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་སྲོལ་དེ་ཕལ་ཆེར་ཀརྨ་པ་དུས་གསུམ་མཁྱེན་པ་དང་རང་བྱུང་རྡོ་རྗེ་དེ་ཚོའི་རྗེས་སུ་བྱུང་བའི་རྙིང་ཤོས་ཀྱི་གྲས་ཤིག་ཆགས་ཡོད་ཅེས་ངས་དེ་ལྟར་འགྲེལ་བཤད་རྒྱག་གི་ཡོད།
 མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ཕེབས་དགོས་པ་དང༌། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་གནས་རྒྱུ་དང༌། དེའི་མཇུག་མཐུད་མཁན་ཡང་སྔོན་ཆད་ཀྱི་འགྲོ་སྟངས་ལྟར་ཡང་སྲིད་ངོས་འཛིན་གྱི་ཐོག་ནས་ཡོད་དགོས་པ་ཞིག་གལ་སྲིད་ཆགས་ཀྱི་ཡོད་པ་ཡིན་ན། མ་འོངས་པའི་ཡང་སྲིད་དེ་ཡང་དེའི་ཚེ་དེའི་དུས་ཀྱི་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་གལ་སྲིད་བུད་མེད་ཀྱི་རྟེན་ཞིག་ལ་ཡོང་བ་ཡིན་ན། བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་ཡོད་ཚེ་ཏཱ་ལའི་བླ་མ་བུད་མེད་ཀྱི་རྟེན་ལ་ཡོང་གི་རེད་ཅེས་བཤད་ཡོད་ལ། ཡོང་ཡང་ཆོག་པ་ཡིན། གོང་དུ་བརྗོད་པ་བཞིན་ཡང་སྲིད་ཕེབས་པའི་དགོས་པ་རྒྱུ་མཚན་གཙོ་བོ་སྐུ་གོང་མ་དེས་ལས་ཀ་འགོ་འཛུགས་གནང་བའི་གསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་པའི་ཞབས་འདེགས་ཞུ་རྒྱུ་དེའི་མུ་མཐུད་པའི་དོན་དུ་ཡང་སྲིད་ཕེབས་ཀྱི་ཡོད་པ་རེད། དེར་བརྟེན་དེའི་ཚེ་དེའི་དུས་ཀྱི་གནས་སྟངས་ལ་བུད་མེད་ཀྱི་རྟེན་གྱི་ཡང་སྲིད་ཅིག་བྱུང་ན་ཕན་ཐོགས་ཆེ་བ་ཡོད་ཚེ་བུད་མེད་ཀྱི་རྟེན་ངེས་པར་དུ་ཡོང་གི་རེད། དཔེར་ན་སྟོན་པ་བཅོམ་ལྡན་འདས་ཀྱི་ནང་པའི་གཞུང་ནང་སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་སེང་གེ་རྒྱལ་རིགས་སུ་འཁྲུངས་ཤིང༌། གང་ཡིན་ཞེ་ན་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་གྱི་ཡུལ་སྲོལ་ནང་རྒྱལ་རིགས་དེ་གཙོ་ཆེ་བ་ཆགས་ཡོད། མ་འོངས་པར་འབྱུང་འགྱུར་གྱི་སངས་རྒྱས་བྱམས་པ་དེ་བྲམ་ཟེའི་རིགས་སུ་ཕེབས་ཀྱི་ཡོད། གང་ཡིན་ཟེར་ན་དེའི་ཚེ་དེའི་དུས་བྲམ་ཟེའི་རིགས་གཙོ་ཆེ་བ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རྒྱལ་རིགས་ལ་ཕེབས་དང་བྲམ་ཟེའི་རིགས་ལ་ཕེབས་སྤྱི་ཚོགས་ལ་གང་ཞིག་ཕན་ཐོགས་ཆེ་བ་དང༌། གང་ཞིག་བསྟན་པ་དང་འགྲོ་བའི་དོན་དག་ལ་ནུས་པ་ཆེ་བ་ཡོང་གི་ཡོད་པ་འདིའི་གནས་ཚུལ་ལ་གཟིགས་ཏེ་སྐབས་རེ་རྒྱལ་རིགས་ལ་ཕེབས་པ་དང༌། སྐབས་རེ་བྲམ་ཟེའི་རིགས་ལ་ཕེབས་ཀྱི་ཡོད་པ་གསུངས་ཡོད། དཔེ་འདི་བཞིན་མ་འོངས་པར་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཡོད་པ་དེ་དང་འབྲེལ་བའི་ཐོག་ནས་ཡང་སྲིད་ཕེབས་རྒྱུའི་རྣམ་འགྱུར་ཞིག་ཡོད་གི་ཡོད། དཔེར་ན། ྋརྒྱལ་དབང་གི་སྐུ་ཕྲེང་ནང་ཆ་བཞག་ན་སྔར་དེའི་ཚེ་དེའི་དུས་སོག་པོའི་འབྲེལ་བ་གལ་ཆེ་པོ་ཆགས་ཡོང་དུས་ྋརྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོའི་དཔོན་རིགས་ཀྱི་སྲས་སུ་འཁྲུངས་པ་ཡོད། ཁོང་ཚོ་ནི་བོད་པ་མིན་པར་སོག་པོ་ཡིན་ཡང་དེ་ྋརྒྱལ་བའི་ཡང་སྲིད་ལ་མ་བརྩིས་པ་བྱས་མེད། དེར་བརྟེན་འགྲོ་སྟངས་གནས་ཚུལ་དེ་འདྲ་ཡོང་གི་ཡོད། མ་འོངས་པའི་ཡང་སྲིད་དེ་གལ་སྲིད་བུད་མེད་ཀྱི་རྟེན་ལ་བྱུང་ན་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་ཡོང་གི་ཡོད་ཚེ་དེ་བས་ཀྱང་ཡོང་གི་རེད། ངས་རྩེད་མོ་དང་སྦྲགས་བུད་མེད་ཀྱི་རྟེན་པ་ཕེབས་པ་ཙམ་དུ་མ་ཟད་དེ་ཡང་རྣམ་པ་ཡག་པོ་ཞིག་ལ་ཕེབས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད། འདི་ལ་རྒྱུ་མཚན་ཡོད། མདོག་ཉེས་པོ་ཞིག་ལ་ཕེབས་ན་ང་ཚོའི་ཆོས་ཀྱི་ནང་གཞུང་ནང་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཅེས་གསུགས་བཟང་བ་དང༌། དབང་ཆེ་བ། ཚིག་བཙུན་པ། སྟོབས་ཆེ་བ་སོགས་སུངས་ཡོད། དེ་དག་ནི་དོ་བདག་དབང་ཆེ་བའི་སྐད་ཆ་མ་རེད། གཞན་ལ་ཕན་ཐོགས་བྱེད་ཐུབ་པའི་དོན་དུ་ཡིན། གཞན་ཕན་སྒྲུབ་པ་ལ་གཞན་གྱི་བློ་འགུགས་པ་དང་གཞན་ཡིད་འཕྲོག་པ་ཞིག་དགོས་པས། གཟུགས་བཟང་བ་དང༌། ཚིག་བཙུན་པ་འདི་དག་གནད་འགག་ཆགས་ཡོད། དེར་བརྟེན་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ལྡན་ཞེས་བཤད་ཡོད། ཡང་ང་རང་ཚོས་མཚན་དང་དཔེ་བྱད་ཀྱི་ཡོན་ཏན་བཤད་དུས་མཐོང་ན་མི་མཐུན་པ་མེད་པ་དང༌། ལྟ་བས་ཆོག་མི་ཤེས་པ་ཞེས་བཤད་པ་འདི་མཛེས་པོའི་སྐད་ཆ་རྐྱང་པ་མ་རེད། བུད་མེད་ཀྱི་རྟེན་ལ་ཡང་སྲིད་ཕེབས་པ་ཡིན་ན་རྣམ་པ་ཡག་པོ་ཡོང་མདོག་ཁ་པོ་རེད་ཅེས་ཕྱེད་ཀ་རྩེད་མོ་དང་ཕྱད་ཀ་ངོ་མ་བྱས་ནས་བཤད་པ་འདིར་རྒྱུ་མཚན་ཡོད། དེ་སྐོར་ཁ་སྔོན་ཕ་རན་སིར་བུད་མེད་ཅིག་གིས་སྐད་མང་པོ་དྲིས་བྱུང༌། ངོས་ནས་ཡང་སྲིད་དེ་དགོས་པ་ཡོད་ན་ཏན་ཏན་བུད་མེད་ཀྱི་རྟེན་ལ་ཕེབས་ཆོག་པར་མ་ཟད། དེ་ཡང་མཛེས་པོ་ཞིག་ཕེབས་ཀྱི་རེད། མཛེས་པོ་ཕེབས་དགོས་པར་རྒྱུ་མཚན་གཉིས་པ་ཞིག་ཡོད། ཕལ་ཆེར་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ལ་ཕེབས་པ་ཡིན་ན་འདི་བཙུན་མ་ཞིག་བྱེད་དགོས་པ་ལས་ཁྱིམ་པ་བྱེད་ཀྱི་མ་རེད། དེར་བརྟེན་གདོང་ལ་ཚོས་བྱུག་རྒྱུ་ཡོང་གྱི་མ་རེད། ཚོས་བྱུག་རྒྱུ་མེད་དུས་རང་བཞིན་གྱི་རྣམ་པ་ཡག་པོ་ཞིག་མེད་ན་བཟོ་ལྟ་བཟོ་རྒྱུའི་ཆ་རྐྱེན་མེད་པ་རེད་ཅེས་བརྗོད་ཡོད། བསམ་བློ་ཡག་པོ་བཏང་ན་རྒྱུ་མཚན་ཡོད། ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་ངོ་མའི་བསམ་བློ་ཡིན། འདས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་ཕྱི་རྒྱལ་གྱི་མིས་ཡང་སྲིད་ཕེབས་ཕྱོགས་སོགས་ཀྱི་གནས་ཚུལ་སྐོར་སྐད་ཆ་འདྲི་མཁན་མང་པོ་བྱུང་བ་ཁོང་ཚོར་དེ་ལྟར་འགྲེལ་བཤད་རྒྱག་གི་ཡོད། བོད་པའི་སྤྱི་ཚོགས་ནང་སྐད་ཆ་འདི་འབྲེལ་བ་མེད་པར་བརྟེན་རྣམ་ཀུན་ཤོད་ཀྱི་མེད།
 ཁ་སྔོན་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་གལ་ཏེ་ཕེབས་དགོས་པའི་གནས་ཚུལ་ཞིག་དང༌། དེ་ཡང་བཙན་བྱོལ་གྱི་གནས་སྟངས་འོག་བྱུ་བ་ཡིན་ན། རྒྱ་མིའི་ལག་པར་སྐྱེ་གི་མ་རེད་ཅེས་བརྗོད་དགོས་པ་འདི་ཕལ་ཆེར་ལོ་བཅུ་གྲངས་ཀྱི་གོང་དུ་ཕ་རོལ་རྒྱ་ཕྱོགས་ཀྱི་ནང་ནས་བོད་པའི་གནས་ཚུལ་འདི་མི་གཅིག་ལ་རག་ལུས་ཡོད་པ་རེད། དེ་ནི་རྒས་པོ་ཆགས་ཀྱི་ཡོད་པ་དང་མགྱོགས་པོ་ཤི་འགྲོ་གི་རེད།  དེ་ཤི་བའི་སྐབས་ལ་ཁྱེད་རང་ཚོ་བོད་པའི་གནས་ཚུལ་རེ་བ་རྒྱག་ས་མེད་པ་རེད་ཅེས་ཁ་ཤས་ཀྱིས་འུད་ཆེན་པོས་ཤོད་ཀྱི་ཡོད་ལ། སྔོན་མ་པེ་ཅིང་ལ་ལྟ་སྐོར་ཚོགས་པ་ཞིག་འགྲོ་སྐབས་ཀྱང་རྒྱ་མི་ཁ་ཤས་ཀྱིས་དེ་ལྟར་བཤད་འདུག དེ་རྗེས་སྤྱིར་བཏང་སྐད་ཆ་ཤོད་མཁན་དེ་འདྲ་ནས་ཀྱང་དེ་ལྟར་ཤོད་ཀྱི་འདུག བོད་མིའི་ནང་ནས་ཀྱང་དེ་འདྲ་ཤོད་མཁན་ཁ་ཤས་ཡོང་གི་འདུག རྒྱ་མིས་རྩིས་ངན་བརྒྱབ་སྟེ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་པ་དེ་ཡང་འདི་དང་འབྲེལ་བ་ཡོད་པ་རེད་ཅེས་ཤོད་མཁན་ཡོང་གི་འདུག དེང་སྐབས་རྒྱ་གར་ལ་ཡོད་པའི་བླ་ཆེན་ངོས་དང་ནང་མའི་འབྲེལ་བ་ཡོད་པ་དེ་འདྲ་ཁ་ཤས་ནས་ངོས་ལ་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚེར་སྡུག་པ་ཞིག་ཡོང་གི་མ་རེད་ཀྱང༌། གལ་སྲིད་སྟོར་ཟུར་གྱི་ཆ་ལ་གནས་ཚུལ་སྡུག་པ་ཞིག་བྱུང་བའི་དབང་དུ་བཏང་ན། ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་སྐོར་འདི་འདྲ་ཡིན་ཞེས་ཕྱག་བྲིས་འཇོག་པ་གནང་དགོས་ཀྱི་ཡོད་ནའང་འདྲ། གང་ལྟར་གཞི་འཛིན་ས་ཡོད་པ་ཞིག་གནང་རོགས་ཞེས་གསུངས་མཁན་ཡོང་མྱོང༌། འདི་ནི་ཡག་པོ་རེད། ངས་ཀྱང་ཁོང་རྣམས་པར་འགྲེལ་བཤད་ཞུས་ཡོད། ང་ལ་ཁ་ཆེམས་ལྟ་བུའི་ཡིག་ཆ་འཇོག་རྒྱུ་མེད་པར་གང་ལྟར་ཡོང་བསྒྲགས་ཀྱིས་གལ་ཏེ་ང་ཚོ་བཙན་བྱོལ་ལ་སྡོད་རིང་ང་ཤི་བ་དང་གཅིག གཉིས་ནས་བོད་མི་མང་གིས་ངའི་ཡང་སྲིད་ཅིག་མུ་མཐུད་དགོས་འདོད་བྱེད་ཀྱི་ཡོད་པ་ཡིན་ན། ཡང་སྲིད་དེ་ནི་སྐྱེ་བ་སྔོན་མས་འགོ་བརྩམས་པའི་ལས་འཕྲོ་བསྐྱང་རྒྱུར་ལུས་པ་དེའི་འཕྲོ་སྐྱོང་བའི་དོན་ལ་ཡང་སྲིད་ཡོང་གི་ཡོད་པ་ལས་དོ་གཏོར་བཤིག་གཏོང་བར་ཡོང་གི་ཡོད་པ་མ་རེད། དེ་ལ་བསམ་བློ་ཡག་པོ་ཞིག་བཏང་ན་སྐྱེ་བ་སྔོན་མས་ལས་ཀ་འགོ་བཙུགས་པ་ལ་ལྟ་འཕྲོ་ཅན་དུ་ལུས་པ་དེའི་མཐུན་པའི་རྐྱེན་ལ་འགྲོ་བའི་ཡང་སྲིད་ཅིག་ཡོང་དགོས་པ་ལས། དེའི་འགལ་རྐྱེན་ལ་འགྲོ་བའི་ཡང་སྲིད་ཅིག་ཡོང་ཤེས་སྟངས་མེད། རྒྱུ་མཚན་དེ་དག་ལ་ཕྱོགས་བསྡོམས་བྱེད་སྐབས། གལ་སྲིད་ྋརྒྱལ་བ་རིན་པོ་ཆེ་གློ་བུར་བཙན་བྱོལ་ལ་སྡོད་རིང་འདས་གྲོངས་ཀྱི་གནས་ཚུལ་བྱུང་བའི་དབང་དུ་བཏང་ན། དེའི་ཡང་སྲིད་མུ་མཐུད་དགོས་ཀྱི་ཡོད་ཚེ་ཡང་སྲིད་ཡོང་ས་དེ་རྒྱ་མིའི་ལག་པར་ཡོང་རྒྱུ་མིན་པར་འདི་ཕྱོགས་རང་དབང་ལུང་པའི་ནང་ཡོང་གི་རེད་ཅེས་ངས་ཚིག་ཐག་བཅད་ནས་ཤོད་དགོས་པའི་གནས་ཚུལ་དེ་དག་ལ་ཐུག་ཡོད། སྤྱི་ཡོངས་ལ་འགྲེལ་བཤད་རྒྱག་རྒྱུ་གནད་འགག་ཆགས་ཏེ་གསལ་བཤད་བྱས་པ་ཞིག་ལས། ང་སེམས་ཤུགས་ཆགས་ནས་ྋརྒྱལ་བ་རིན་པོ་ཆེ་དག་ཞིང་ལ་ཕེབས་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་པ་མ་རེད། བླ་མ་དེ་འདྲའི་བརྗོད་སྲོལ་ཞིག་ཡོད། རྣམ་ཀུན་བླ་མས་ཁྱེད་རང་ཚོ་སྡུག་པ་མ་གཏོགས་ང་དག་ཞིང་ལ་འགྲོ་ཆོག་ཡིན་ཞེས་གསུང་གི་ཡོད། ཐེངས་གཅིག་བླ་མ་ཕྲན་བུ་ན་སྐབས་སློབ་མ་ཚོས་ཁྱེད་རང་ནི་དག་ཞིང་ལ་ཕེབས་ཆོག་གི་རེད།   ང་ཚོ་སྡུག་པས་སྐྱབས་འཇུག་གནང་རོགས་ཞེས་ཞུས་པར། བླ་མས་མ་ཤི་ན་མ་ཤི་བ་རང་དགའ་བ་འདུག་ཅེས་བརྗོད་པའི་སྐད་ཆ་ཡོད། བག་གྲོ་བོ་བྱས་ཏེ་སྡོད་སྐབས་དག་ཞིང་ལ་འགྲོ་ཆོག་ཡིན་ཞེས་བརྗོད། དངོས་སུ་ན་བའི་སྐབས་ལ་མ་ཤི་བར་བསྡད་ན་སྙམ་གྱི་ཡོད་པ་རེད། ང་རང་ལ་ཆ་བཞག་ན་རྣམ་ཀུན་ནས་ད་ལྟའི་གནས་སྟངས་འདི་འདྲ་ཞིན་གྱི་འོག་ང་ཤི་ཡང་དབུགས་འགྲོ་ཐུབ་མི་འདུག་ཅེས་བཤད་ཀྱི་ཡོད། ཤེས་སོང་ངམ། དངོས་གནས་བོད་མི་མང་གི་སེགས་ཤུགས་དང༌། དམ་ཚིག་ལ་རྒྱ་ཆིག་བསྒྲིལ་འདི་ཙམ་ཡོད་པ་རེད། ལམ་སང་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤིག་སོན་གྱི་མེད་ཀྱང༌། བོད་རྒྱ་ཆེའི་མི་མང་དེ་དག་གི་བློ་བཞག་ས་ཞིག་དང༌། བསམ་བློའི་ནང་སེམས་གསོ་གཏོང་མཁན་ཞིག་ལས་མ་བྱུང་ཡང་ང་ཡོད་པ་འདིས་ཕན་གྱི་ཡོད། གནས་ཚུལ་འདི་འདྲའི་འོག་ལུས་ན་ཚས་བརྡུང་ནས་ཤི་རྒྱུའི་ཉེན་ཁ་བྱུང་བ་ཡིན་ན་ང་ནི་དབུགས་འགྲོ་ཐུབ་པ་མི་འདུག་ཅེས་བརྗོད་ཀྱི་ཡོད། ང་རང་སེམས་ཤུགས་བསྐྱེད་དེ་བསྡད་ཡོད་ལ། གཟུགས་པོ་ནི་བདེ་ཐག་ཆོད་དང༌། སེམས་ནི་སྐྱིད་ཐག་ཆོད་ཡོད། གཉིད་ནི་སྐྱིད་པོ་ཁུག་གི་འདུག ལྟོ་ཆས་ནི་བྲོ་བ་ཆེན་པོ་འདུག ཁྱེད་རང་ཚོས་བརྟན་བཞུགས་ཕུལ་ནས་དངངས་སྐྲག་བྱེད་དགོས་དོན་རྩ་བ་ནས་མེད། བློ་བདེ་པོ་བྱས་ཏེ་སྡོད། བརྟན་བཞུགས་རྗེས་སུ་བལ་ཡུལ་ནང་གི་བོད་མི་སྐྱིད་སྡུག་ཐུན་མོང་ནས་ཕྱི་ཟླ་ ༡༠ པའི་ནང་འབུལ་གྱི་ཡོད་པ་དེ་དུས་མཉམ་དུ་ཕུལ་ན་འགྲིགས། ཆོ་ག་བཏོན་སྨོན་ལམ་བརྒྱབ་ནས་རྟེན་འབྲེལ་སྒྲིག་ཡས་ཤིག་ཡོད་པ་དེ་ལྟར་བྱས་ན་འགྲིགས། ཁྱེད་རང་ཚོ་ཛ་དྲག་དང་དངངས་སྐྲག་བྱེད་དགོས་དོན་རྩ་བ་ནས་མེད། བློ་བདེ་པོ་བྱས་ཏེ་སྡོད། ཤེས་སོང་ངམ།
 སྔོན་མ་ལྷ་སར་སྡོད་སྐབས་ཕོ་བྲང་གསར་པ་བརྒྱབ་ཚར་རྗེས་ཉིན་གཅིག་ལྷ་ཀླུའི་རྨོ་བོ་༼ལྕམ་གཡང་འཛོམས་ཚེ་རིང་༽ལགས་མཇལ་ཁར་སླེབས་བྱུང༌། སྙིང་རྗེ་ཁོང་གིས་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་དགོངས་པ་བཞེས་དགོས། སྐུ་ཚེ་མ་བརྟན་ཚེ་ཡང་སྲིད་ཅིག་ཕེབས་དགོས་པ་རེད། ཡང་སྲིད་ཕེབས་ནས་ཀྱང་ཕྱག་དཔེ་འདེ་ཙམ་བསླབ་གནང་དགོས་པ་དང༌། སྐུ་ལས་འདི་ཙམ་བསྐྱོན་དགོས་པས་ཆོ་ག་གང་ཡོད། ད་ལྟ་ཕྱག་དཔེ་གཟིགས། སྐུ་ལས་ཚང་མ་བསྐྱོན་ཚར་བ་འདི་སྐུ་ཚེ་རིང་པོ་བཞུགས་ན་ཡག་གི་རེད་མ་གཏོགས། ཡང་སྲིད་གཉིས་པ་ཞིག་ཕེབས་ཏེ་གཞི་ནས་སློབ་སྦྱོང་གནང་དགོས་འབྱུང་ན་སྐུ་མཉེལ་རོགས་རེད་ཅེས་བརྗོད་མྱོང༌། དེ་དག་འཕྲོས་བཤད་ཡིན། ཁྱེད་རང་ཚོ་བློ་བདེ་པོ་བྱས་ཏེ་སྡོད། ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སྩལ་པ་བཅས་སོ།། །།




2 comments:

  1. གྲོགས་པོ་ཁྱོད་ཀྱི་དྲ་བ་གསར་པ་དེ་སྤུས་ལེགས་ཞིག་འདུག། ཡིན་ན་ཡང་ཡིག་གཟུགས་ཆུང་བའི་རྐྱེན་གྱིས་ཡག་པོ་ཀློག་འདོད་ཡོད་ཀྱང་མིག་ནང་ཆུ་གང་ཡོང་གི་འདུག།

    ReplyDelete

མཆན་འགོད་ཡུལ།