མི་སྣ་ངོ་སྤྲོད།

ཉི་ཧོང་ནང་ཡོད་པའི་གཞས་མ་གྲགས་ཅན་བོད་རིགས་བུད་མེད་ཨ་ལན་ཟླ་བ་སྒྲོལ་མ་ནས་ཟླ་བ་འདིའི་ཚེས་༢༣་ཉིན་ཤི་བྷི་ཡ་ཀ་མ་རུ་ཨོར་ཆ་ཊི་ཞེས་པའི་ཆེས་སྙན་གྲགས་ཅན་གྱི་ཉི་ཧོང་གི་ཚོགས་ཁང་ཆེན་མོའི་ནང༌གླུ་གཞས་དང་འཁྲབ་སྟོན་གཟིགས་འབུལ་བྱེད་རྒྱུ་ཡིན་འདུག
ཨ་ལན་ཟླ་བ་སྒྲོལ་མ་ནི་ད་ལོ་ལོ་ན་༢༢་ཡིན་པ་དང་། འཁྲུངས་ཡུལ་ཁམས་དཀར་མཛེས་ཁུལ་ནས་ཡིན་པ་རེད། ཁོ་མོ་ཆུང་དུས་རྒྱལ་ས་པེ་ཅིང་དུ་ཡོད་པའི་སི་ཁྲོན་སྒྱུ་རྩལ་སློབ་གཉེར་ཁང་ནང་རོལ་དབྱངས་སྦྱང་བཙོན་བྱས་པ་དང༌། ༢༠༠༦་ལོར་རྒྱ་ནག་རྒྱལ་ཡོངས་སུ་འཁྲབ་སྟོན་དང་གླུ་གཞས་ཀྱི་འགྲན་བསྡུར་ཞིག་གི་ནང༌། ཁོ་མོས་གཞས་མ་རྩེ་ཕུད་ཀྱི་བྱ་དགའ་བླངས་ཡོད་སྟབས། སྐབས་དེར་ཉི་ཧོང་གི་ཨེ་ལྦེག་སི་ཞེས་པའི་འཁྲབ་སྟོན་ཁང་གིས་གདན་ཞུས་ཐོག་ལོ་དེར་ཉི་ཧོང་དུ་གནས་སྤོས་བྱས་ཡོད་འདུག།
༢༠༠༦་ནས་བཟུང་གཞས་མ་ཟླ་བ་སྒྲོལ་མས་ཉི་ཧོང་གི་ཨེ་ལྦེག་སི་ཞེས་པའི་ཁེ་ལས་ཚོགས་པའི་གོ་སྒྲིག་འོག །ཉི་ཧོང་སྐད་དང་རྒྱ་སྐད་ཐོག་དེང་དུས་དང་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་བསྟུད་མར་བྱས་པར། ཉི་ཧོང་གི་གཞོན་སྐྱེས་ཁྲོད་ཁོང་ལ་དགའ་མོས་དང་མཚན་མཐོང་ཆེན་པོ་ཐོབ་ཡོད་པ་དང༌། ལྷག་པར་༢༠༠༩་ལོར་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྒྲིག་པ་ཇོན་ལྦུའུ་ཡིས་བཟོ་བཀོད་བྱས་པའི་གློག་བརྙན་ནང་ཟླ་བ་སྒྲོལ་མའི་གླུ་གཞས་སྒྲ་འཇུག་བྱས་རྗེས་ཁོ་མོའི་མཚན་སྙན་ཇེ་ཆེར་སོང་ཡོད་པ་རེད།
༢༠༡༠་ཕན་ཆད་ཟླ་བ་སྒྲོལ་མས་གླུ་གཞས་འཁྲབ་སྟོན་སྐབས་རོལ་དབྱངས་ཚོགས་པ་གཞན་དང་བཟུང་འབྲེལ་བྱེད་ཀྱི་ཡོད་ཀྱང༌། ད་ལོ་ཟླ་༡་པོ་ནས་བཟུང་རོལ་དབྱངས་ཚོགས་པ་གཞན་དང་མཉམ་སྦྲེལ་མ་ཡིན་པར་ཁེར་རྐྱང་གི་ཐོག་ནས་འཁྲབ་སྟོན་བྱེད་བཞིན་ཡོད་འདུག་པ་དང༌། ད་རེས་ཉི་ཧོང་གི་ཤི་བྷི་ཡ་ཀ་མ་རུ་ཨོར་ཆ་ཊི་ཚོགས་ཁང་ཆེན་མོའི་ནང་གི་གཞས་སྣ་འཁྲབ་སྟོན་དེ་ནི་ད་ཕན་ཁོང་གི་གཞས་སྣ་འཁྲབ་སྟོན་བྱས་ཚད་ནང་ནས་གཞི་རྒྱ་ཆེ་ཤོས་ཞིག་དེ་ཡིན་འདུག།